ཨོ་སི་ཊེ་ལི་ཡའི་ནང་ན་གཞོན་ཚོས་སྒྲིག་གཞི་ཁ་ཤས་ལ་བརྩི་སྲུང་ཡོད་ཐོག་གླ་ཡོད་ལས་ཀ་བྱེད་ཆོག་གི་ཡོད་པ་མ་ཟད་ལས་ཀ་བྱེད་མཁན་གྱི་ཐོབ་ཐང་བཅའ་ཁྲིམས་ཁག་གི་འོག་ལོ་ན་༡༨ མན་གྱི་ལས་མི་གཞོན་པ་ཚོར་སྲུང་སྐྱོབ་ཡོད། གལ་ཏེ་ཁྱེད་རང་གི་ལྟ་སྐྱོང་འོག་ཡོད་པའི་ལོ་ན་ ༡༨ མན་གྱི་རང་གི་བྱིས་པའམ་སྤུན་ཉེ་སོགས་ལས་ཀ་བྱེད་ཀྱི་ཡོད་ན་ཤེས་དགོས་པའི་གནད་དོན་འགའ་ཡོད་པ་ནི།
གཙོ་གནད།
- ཨོ་སི་ཊེ་ལི་ཡའི་ནང་ལས་ཀ་བྱེད་རྒྱུ་ནམ་འགོ་འཛུགས་བྱེད་པའི་ལོ་ཚད་དམའ་ཤོས་ཀྱི་ཐད་རྒྱལ་ཡོངས་ཁྲིམས་ལུགས་ཤིག་མེད།
- བྱིས་པ་ཚོས་བྱེད་ཆོག་པའི་ལས་ཀ་ལ་དུས་ཚོད་རིང་ཐུང་དང་ལས་རིགས་ཀྱི་བཀག་རྒྱ་ཡོད།
- ཁྱེད་ཀྱི་ཕྲུ་གུར་གླ་ཆའི་བྱུང་འཛིན་ཐོབ་པ་དང་། དེ་དག་གི་ཟིན་ཐོ་ཉར་དགོས་པའི་སྐུལ་མ་བྱེད་དགོས།
- ཕ་མ་ཚོས་རང་གི་ཕྲུ་གུའི་ལས་ཀའི་གནད་དོན་ཞིག་ཐག་གཅོད་བྱེད་པར་རོགས་པ་བྱེད་ཆེད་ངལ་རྩོལ་བའི་དྲང་བདེན་ལས་ཁུངས་ཀྱི་ངོ་ཚབ་པ་དང་ཁྲིམས་རྩོད་པར་འབྲེལ་བ་བྱེད་ཆོག
- ཨོ་སི་ཊེ་ལི་ཡའི་ནང་ལོ་ན་ག་ཚོད་ནས་ལས་ཀ་འགོ་འཛུགས་ཆོག་གམ།
- ཕྲུ་གུ་ཚོས་སློབ་གྲྭའི་དུས་ཚོད་ནང་ལས་ཀ་བྱེད་ཆོག་གམ།
- ཕྲུ་གུ་ཚོས་བྱེད་མི་ཆོག་པའི་ལས་ཀ་གང་ཡོད་དམ།
- གློག་བརྙན་ཁྲབ་སྟོན་དང་དང་ཁྱབ་བསྒྲགས་སོགས་ཀྱི་ནང་ལས་ཀ་བྱེད་མཁན་ཕྲུ་གུ་ཚོའི་ཆེད་དུ་ཁྲིམས་ལུགས་གང་ཡོད་དམ།
- རང་ཉིད་ཕྲུ་གུར་གླ་ཆ་ཉུང་བ་སྤྲོད་ཀྱི་ཡོད་མེད་ཐད་སེམས་ཁྲལ་བྱེད་དགོས་སམ།
- ལས་ཀའི་གནད་དོན་ཞིག་ཐག་གཅོད་བྱེད་པར་རང་ཉིད་ཀྱི་ཕྲུ་གུར་རོགས་པ་ཇི་ལྟར་བྱེད་ཐུབ་བམ།
ཨོ་སི་ཊེ་ལི་ཡའི་ནང་ལོ་ན་ག་ཚོད་ནས་ལས་ཀ་འགོ་འཛུགས་ཆོག་གམ།
ཨོ་སི་ཊེ་ལི་ཡའི་མངའ་སྡེ་དང་ས་ཁོངས་རེ་རེར་ཕྲུ་གུ་ཚོས་ལས་ཀ་བྱེད་རྒྱུ་ག་དུས་འགོ་འཛུགས་ཆོག་པའི་ཁྲིམས་ལུགས་མི་འདྲ་བ་ཡོད།
ཁྱེད་ཀྱི་ཕྲུ་གུརལས་ཀ་བྱེད་ཕྱོགས་དང་འབྲེལ་བའི་ཁྲིམས་ལུགས་གང་དག་ཡིན་པ་ཤེས་པར་ངལ་རྩོལ་བའི་དྲང་བདེན་ལས་ཁུངས་ཀྱི་ན་གཞོན་ལས་མི་ཚོའི་དྲ་ཚིགས་ལ་གཟིགས་དགོས།
"དྲ་ཚིགས་དེའི་ཐོག་ལས་ཀ་འགོ་འཛུགས་བྱེད་པའི་ལོ་ཚད་དམའ་ཤོས་ཀྱི་སྐོར་ལ་དམིགས་བསལ་གྱི་ཤོག་ངོས་ཤིག་ཡོད།
ཨ་ན་སི་ཊ་ཤི་ཡ་ཀོ་རོ་ནི་ཡོ་ཡིས་"ཁྱེད་ཀྱིས་དྲ་ཚིགས་ཀྱི་ཤོག་ངོས་དེའི་སྟེང་གི་འབྲེལ་ཐག་ལ་བལྟས་ནས་རང་གི་མངའ་སྡེ་དང་ས་ཁོངས་ནང་ལས་ཀ་འགོ་འཛུགས་བྱེད་པའི་ལོ་ཚད་གང་ཡིན་པ་ཤེས་ཐུབ།" ཅེས་ཟེར།
ཁོང་ནི་ཨོ་སི་ཊེ་ལི་ཡའི་ན་གཞོན་གྱི་ཁྲིམས་ལུགས་ལས་ཁུངས་ཀྱི་ཁྲིམས་རྩོད་པ་རྒན་པ་ཞིག་ཡིན། དེ་ནི་ན་གཞོན་དང་ན་གཞོན་ལས་མི་ཚོར་རིན་མེད་དང་གསང་བའི་ཁྲིམས་ལུགས་ཀྱི་སློབ་སྟོན་སྤྲོད་མཁན་གྱི་རྒྱལ་ཡོངས་ཀྱི་ཁྲིམས་ལུགས་ཞབས་ཞུ་ཁང་ཞིག་ཡིན།

ཕྲུ་གུ་ཚོས་སློབ་གྲྭའི་དུས་ཚོད་སྐབས་ལས་ཀ་བྱེད་ཆོག་གམ།
ཨོ་སི་ཊེ་ལི་ཡའི་ནང་ཕྲུ་གུ་ཚོས་སློབ་སྦྱོང་ལ་བར་ཆད་མི་ཡོང་བའི་ཆེད་དུ་ལས་ཀའི་དུས་ཚོད་དང་ཉིན་གྲངས་ལ་ཚོད་འཛིན་བཟོས་ཡོད།
སྤྱིར་བཏང་ངེས་པར་འགྲོ་དགོས་པའི་སློབ་གྲྭའི་ལོ་ཚོད་ཅན་གྱི་ཕྲུ་གུ་ཚོ་སློབ་གྲྭའི་དུས་ཚོད་ནང་ལས་ཀ་བྱེད་མི་ཆོག
རང་ཉིད་ཀྱི་ལས་ཀ་བྱེད་སའི་མངའ་སྡེ་དང་ས་ཁོངས་ནང་སློབ་གྲྭར་འགྲོ་དགོས་པའི་ལོ་ཚོད་གང་ཡིན་པ་ཤེས་པར་ས་གནས་ཀྱི་ཤེས་ཡོན་འགན་འཛིན་ལས་ཁུངས་ལ་བཀའ་འདྲི་བྱེད་རྒྱུ་དེ་ལེགས་ཤོས་ཡིན། དམིགས་བསལ་གྱི་གནས་བབ་འགའ་ཡོད་པ་ནི་དཔེར་ན་ཁྱིམ་དུ་སློབ་སྦྱོང་བྱེད་མཁན་ཚོ་ལྟ་བུ་རེད།
ཁྱིམ་དུ་སློབ་སྦྱོང་བྱེད་མཁན་ཚོར་ལས་ཀ་བྱེད་ཆོག་མིན་ནི་ཁོང་ཚོའི་མངའ་སྡེ་དང་ས་ཁོངས་ཀྱི་ཁྱིམ་དུ་སློབ་ཁྲིད་བྱེད་མཁན་གྱི་འགན་འཛིན་ཁང་ནས་ཆོག་མཆན་ཇི་ལྟར་ཡོད་མེད་ལ་རག་ལས་ཡོད།
ཁོ་རོ་ནི་ཡོ་ལགས་ཀྱིས་"ཁྱིམ་དུ་སློབ་སྦྱོང་བྱེད་མཁན་ཚོས་སློབ་གྲྭའི་དུས་ཚོད་ནང་ལས་ཀ་བྱེད་ཆོག་མིན་ནི་ཁོང་ཚོའི་མངའ་སྡེ་དང་ས་ཁོངས་ཀྱི་ཆོག་མཆན་གང་ཡིན་མིན་ལ་རག་ལས་ཡོད།" ཅེས་གསུངས།
དེ་བཞིན་མཚན་ལས་བྱེད་མཁན་ཚོ་ལ་ཡང་དམིགས་བསལ་ཡོད་སྲིད།
"དཔེར་ན། ང་ཚོར་ཕ་མ་ཚོས་ཁོང་ཚོའི་ལོ་ན་༡༦ ཡིན་པའི་ཕྲུ་གུ་ཚོས་མཚན་མོར་མགྱོགས་ཟས་ཚོང་ཁང་ཞིག་ཏུ་ཆུ་ཚོད་གཉིས་རིང་ལས་ཀ་བྱེད་ཀྱི་ཡོད་པར་སེམས་ཁྲལ་གྱིས་དྲི་བ་འདྲི་གི་ཡོད། ཡིན་ནའང་། དོན་དངོས་སུ་ནིའུ་སའོ་ཐི་ཝེལ་སི་ནང་ལོ་ན་༡༥ ཡིན་པའི་ཕྲུ་གུ་ཚོས་མཚན་མོར་ལས་ཀ་བྱེད་པར་བཀག་འགོག་བྱེད་པའི་ཁྲིམས་ལུགས་གང་ཡང་མེད།"
ཕྲུ་གུ་ཚོས་བྱེད་མི་ཆོག་པའི་ལས་ཀ་གང་ཡོད་དམ།
ནུབ་ཨོ་སི་ཊེ་ལི་ཡའི་ཨི་ཐི་ཁོ་ཝན་སློབ་ཆེན་གྱི་ལས་རིགས་དང་བཟོ་ལས་ཀྱི་དགེ་རྒན་ཀེ་རི་བྷོ་རོན་གྱིས་ཕྲུ་གུ་ཚོས་བྱེད་མི་ཆོག་པའི་ལས་ཀ་འགའ་ཤས་ཡོད། ཡིན་ནའང་དེ་དག་ལའང་དམིགས་བསལ་འགའ་ཤས་ཀྱང་ཡོད་སྲིད་ཅེས་ཟེར།
ཕྲུ་གུ་ཚོར་ལས་ཀ་ཡང་མོ་ཁོ་ན་ལས་སྐུལ་མི་ཆོག་པས་ཁོང་ཚོས་འཛུགས་སྐྲུན་ལས་རིགས་ནང་ལས་ཀ་བྱེད་མི་ཆོགཀེ་རི་བྷོ་རོན།
རྒྱལ་ཡོངས་ཀྱི་སྒྲིག་གཞི་གཞན་ཞིག་ནི་སྤྱིར་བཏང་ལོ་ན་༡༨ མན་གྱི་ལས་མི་ཚོས་ཐ་མག་དང་ཆང་རག་འཚོང་མི་ཆོག
"ཡིན་ནའང་། མངའ་སྡེ་འགའ་ཤས་ནང་ཟས་རིགས་ཚོང་ཁང་ནང་ལོ་ན་༡༨ མན་གྱི་མི་ཚོས་ཆང་འཚོང་ཆོག་པའི་དམིགས་བསལ་གྱི་ཆོག་མཆན་ཡོད།"ཅེས་གསུངས།

གློག་བརྙན་ཁྲབ་སྟོན་དང་དང་ཁྱབ་བསྒྲགས་སོགས་ཀྱི་ནང་ལས་ཀ་བྱེད་མཁན་ཕྲུ་གུ་ཚོའི་ཆེད་དུ་ཁྲིམས་ལུགས་གང་ཡོད་དམ།
ལོ་ན་གང་ཡིན་ནའང་འཁྲབ་སྟོན་པ་དང་། འཁྲབ་མཁན། གྱོན་གོས་གཤོམ་སྟོན་པ་བཅས་གླ་ཆ་ཡོད་པའི་ལས་ཀ་བྱེད་ཆོག ཡིན་ནའང་། དམིགས་བསལ་གྱི་ཆོག་མཆན་དང་ལས་རིགས་དང་འབྲེལ་བའི་དགོས་མཁོ་ཁ་ཤས་ཡོད།
བྷོ་རོན་ལགས་ཀྱི་གསུངས་པ་ལྟར་ན། གློག་བརྙན་ཁྲབ་སྟོན་སོགས་ཀྱི་ལས་རིགས་ནང་ལས་ཀ་བྱེད་མཁན་ཕྲུ་གུ་ཚོའི་ཕ་མ་མང་པོ་ཞིག་གིས་ཁོང་ཚོའི་ཕྲུ་གུའི་ལས་ཀའི་སྐོར་ལ་ཁྲིམས་མཐུན་གྱི་གནས་ཚུལ་ཞིབ་ཕྲ་ཤེས་ཀྱི་མེད།
" དེ་ནི་འཁྲབ་སྟོན་ཞིག་གམ་གློག་བརྙན་ཞིག ཡང་ན་པར་རྒྱག་པའི་ལས་ཀ་ཞིག་ཡིན་ནའང་ཕ་མ་ཚོར་རང་གི་ཕྲུ་གུས་གང་མཐོང་བ་དང་། གང་ཐོས་པ། གང་བྱེད་པ་བཅས་ཀྱི་སྐོར་ལ་སྔོན་ཚུད་ནས་དྲི་བ་འདྲི་བའི་ཐོབ་ཐང་ཡོད།
རང་ཉིད་ཕྲུ་གུར་གླ་ཆ་ཉུང་བ་སྤྲོད་ཀྱི་ཡོད་མེད་ཐད་སེམས་ཁྲལ་བྱེད་དགོས་སམ།
ན་གཞོན་ལས་མི་ཚོར་གླ་ཆ་ཉུང་བ་སྤྲོད་རྒྱུའི་ཉེན་ཁ་ཆེ་ཤོས་ཡོད།
ཕ་མ་ཚོས་བྱེད་ཐུབ་པའི་དོན་དག་དང་པོ་ནི་ཁོང་ཚོའི་ཕྲུ་གུར་ལོ་ཚད་དང་འབྲེལ་བའི་གླ་ཆ་དམའ་ཤོས་དང་། དེ་བཞིན་ཁོང་ཚོ་ཐོབ་ཆ་གང་གི་འོག་ལ་ཡོད་པ་དེ་ངེས་པར་ཤེས་པ་བྱེད་དགོས།
ངལ་རྩོལ་བའི་དྲང་བདེན་ལས་ཁུངས་ཀྱི་སྤྱི་ཚོགས་བརྒྱུད་ལམ་སྡེ་ཚན་གྱི་འགན་འཛིན་མེ་ཐིའུ་རེག་གྷ་ཊེ།ཡིས་"ཆུ་ཚོད་རེ་རེ་དང་། གཟའ་འཇུག་ ལས་ཡུན་འཕར་མ་སོགས་ཀྱི་ཐོབ་ཆ་ཁག་ཁ་གསལ་ཡོད་དགོས་ཅེས་གསུངས།
ལས་ཀའི་ནང་གྲ་སྒྲིག་བྱེད་པའི་དུས་ཚོད་ཀྱང་ལས་ཀའི་ཆ་ཤས་སུ་བརྩི་གི་ཡོད།
གལ་ཏེ་ཁྱེད་ཀྱི་ལས་ཀ་སྔ་དྲོའི་ཆུ་ཚོད་ ༡༠ པར་འགོ་འཛུགས་ཀྱི་ཡོད་ན། ཚོང་བདག་གིས་ཁྱེད་ལ་ཆུ་ཚོད་ ༩:༤༥ ལ་འབྱོར་ནས་གྲ་སྒྲིག་བྱེད་དགོས་པའམ་ཚོང་ཁང་སྒོ་འབྱེད་དགོས་ཞེས་བཤད་ན། དུས་ཚོད་དེ་དག་གི་ཆེད་དུའང་གླ་ཆ་སྤྲོད་དགོས།མེ་ཐིའུ་རེག་གྷ་ཊེ།
ཁྱེད་ཀྱིས་ད་དུང་ལས་ཀའི་ཆུ་ཚོད་ཚང་མ་གླ་ཆ་སྤྲད་ཡོད་མེད་ཞིབ་བཤེར་བྱེད་དགོས། དེའི་ནང་དུ་སྦྱོང་བརྡར་དང་ལས་ཀའི་ཚོད་ལྟ་ཚང་མ་ཚུད་ཡོད།
“གནས་སྟངས་འགའ་ཤས་འོག་ལས་ཀའི་ཚོད་ལྟ་ལ་གླ་ཆ་མ་སྤྲད་པ་ཁྲིམས་མཐུན་ཡིན། འོན་ཀྱང་འདི་དག་ནི་ཆུ་ཚོད་གཅིག་གམ་ཡང་ན་ལས་ཡུན་གཅིག་ཙམ་ལས་ཡིན་མི་ཆོག”
སྦྱིན་བདག་ཚོས་གླ་ཆ་སྤྲོད་ཐེངས་རེ་རེའི་རྗེས་སུ་འཛིན་ཤོག་སྤྲོད་དགོས། འོན་ཀྱང་ལས་ཀ་བྱེད་མཁན་ཚོས་རང་ཉིད་ཀྱི་ཟིན་ཐོ་ཡང་ཉར་ཚགས་བྱེད་རྒྱུ་གལ་ཆེན་པོ་ཡིན།
“ཟིན་ཐོ་མེད་ན་ལས་ཀའི་ནང་རྙོག་ཁྲ་ཡོང་སྐབས་དཀའ་འཕྲད་སྲིད།”ཅེས་སྐུ་ཞབས་རེག་གྷ་ཊེས་འགྲེལ་བཤད་གནང་།
ཁྱེད་ཀྱིས་ཟིན་ཐོ་ཉར་ཚགས་བྱེད་པའི་ལག་ཆ་སྤྱོད་བྱེད་ཆོག དཔེར་ན་ལས་ཀའི་དྲང་བདེན་ལས་ཁུངས་ཀྱི་ ‘ངའི་ལས་ཡུན་ཟིན་ཐོ་ཡི’ མཉེན་ཆས་ལྟ་བུ།
སྦྱིན་བདག་ཚོས་ལོ་ན་ ༡༨ ཡན་གྱི་ལས་བྱེད་ཚོའི་ཆེད་དུ་རྒས་ཡོལ་ཐོབ་ཆ་སྤྲོད་དགོས་པ་ཤེས་དགོས། ལོ་ན་ ༡༨ འོག་གི་ལས་བྱེད་ཚོས་བདུན་ཕྲག་གཅིག་ལ་ཆུ་ཚོད་ ༣༠ ལས་མང་བ་ལས་ཀ་བྱས་ན་མ་གཏོགས་རྒས་ཡོལ་ཐོབ་ཆ་སྤྲོད་མི་དགོས།

ལས་ཀའི་གནད་དོན་ཞིག་ཐག་གཅོད་བྱེད་པར་རང་ཉིད་ཀྱི་ཕྲུ་གུར་རོགས་པ་ཇི་ལྟར་བྱེད་ཐུབ་བམ།
གལ་ཏེ་ཁྱེད་ཀྱི་ཕྲུ་གུར་ལས་ཀའི་དཀའ་ངལ་ཞིག་འཕྲད་པ་དང་། ཁོ་རང་ཉིད་ཀྱིས་སེལ་ཐུབ་ཀྱི་མེད་ན། ཁྱེད་ཀྱིས་ངལ་རྩོལ་བའི་དྲང་བདེན་ལས་ཁུངས་ལ་འབྲེལ་བ་བྱེད་ཆོག
ཁོ་ཚོ་ནི་རྒྱལ་ཡོངས་ཀྱི་ལས་ཀའི་སྒྲིག་གཞི་ལག་བསྟར་བྱེད་མཁན་ཡིན་པས། གླ་ཆ་དང་སྤྱིར་བཏང་གི་ལས་ཀའི་ཆ་རྐྱེན་སྐོར་ལ་ལས་ཀའི་ཁྲིམས་ལག་བསྟར་བྱེད་ཐུབ།
“ང་ཚོས་སྦྱིན་བདག་ཚོས་འགན་འཁྲི་ཁྲིམས་བཞིན་མ་སྲུང་ན་ཆད་པ་གཅོད་ཐུབ། གལ་ཏེ་ཁྲིམས་འགལ་གྱི་བྱ་སྤྱོད་ཚད་མཐོ་པོ་ཞིག་ཏུ་སླེབས་ན། ང་ཚོས་ཁྲིམས་ཁང་དུ་གཏུག་བཤེར་བྱེད་ཐུབ།” ཅེས་སྐུ་ཞབས་རེག་གྷ་ཊེས་གསུངས།
གཞན་ཡང་ཁྱེད་ཀྱིས་ཁྲིམས་དོན་སློབ་སྟོན་པ་ཞིག་གླས་ནས་ངལ་རྩོལ་བའི་དྲང་བདེན་ལས་ཁུངས་ཀྱིས་སེལ་མ་ཐུབ་པའི་བརྙས་གཙེར་དང་གནོད་ཚེ་ལྟ་བུའི་དཀའ་ངལ་སེལ་རྒྱུར་བསམ་བློ་གཏོང་ཆོག།
ཕ་མ་ཚོས་རང་གི་ཕྲུ་གུར་ན་གཞོན་ཁྲིམས་ལུགས་ཁང་སོགས་ལ་ཡང་འབྲེལ་བ་བྱེད་ཆོག
གཞོན་ཁྲིམས་ལུགས་ཁང་གི་ཨ་ནཱ་སི་ཊ་ཤི་ཡ་ཁོ་རོ་ནི་ཡོ་ཡིས་ “ང་ཚོས་ཕ་མ་ཚོར་རང་གི་ཕྲུ་གུ་ཚོར་རང་གི་ཐོབ་ཐང་དང་འགན་འཁྲི་སྐོར་ལ་གོ་རྟོགས་སྤེལ་བ་དང་། དེ་རྗེས་རང་ཉིད་ནས་དཀའ་ངལ་སེལ་ཐུབ་ཐབས་བྱེད་རྒྱུའི་ལམ་སྟོན་སྤྲོད་རྒྱུར་སྐུལ་མ་བྱེད་ཀྱི་ཡོད།” ཅེས་འཇུག་བསྡུ་གནང་།
ཨོ་སི་ཊེ་ལི་ཡར་གནས་སྤོ་བྱས་རྗེས་རིན་ཐང་ལྡན་པའི་གནས་ཚུལ་དང་ལམ་སྟོན་མང་ཙམ་ཤེས་རྟོགས་བྱེད་པའི་ཆེད་དུ། ཨོ་སི་ཊེ་ལི་ཡ་འགྲེལ་བརྗོད་ཀྱི་ཆེད་སྒྲིག་སྒྲ་བརྙན་ལེ་ཚན་ཁག་ལ་ཉན་པའམ་རྗེས་འབྲང་བྱེད་རོགས།
ཁྱེད་ལ་དྲི་བ་དང་བརྗོད་གཞི་གང་ཞིག་གི་སྐོར་ལ་བསམ་འཆར་ཡོད་ན་ང་ཚོར་ australiaexplained@sbs.com.au ལ་གློག་འཕྲིན་གཏོང་རོགས།






