གཙོ་གནད།
- ཨོ་སི་ཊེ་ལི་ཡར་གདོད་རིགས་མི་མང་གི་རིག་གཞུང་དང་ཤེས་བྱའི་ཐོན་དབང་སྲུང་སྐྱོབ་བྱེད་པའི་ཁྲིམས་ལུགས་ལ་མུ་མཐུད་འབད་བརྩོན་བྱེད་བཞིན་ཡོད།
- གདོད་རིགས་མི་མང་དང་ཋོ་རི་སི་མཚོ་འགག་གླིང་ཕྲན་མི་རིགས་ཀྱི་སྒྱུ་རྩལ་དང་ལག་ཤེས་བཟོ་རྩལ་འཚོང་མཁན་ཚོར་ཡང་དག་པའི་དྲི་བ་འདྲི་རྒྱུ་གལ་ཆེན་པོ་རེད།
- ཐོག་མའི་མི་རིགས་ཀྱི་སྒྱུ་རྩལ་དངོས་རིགས་ཁུངས་དག་ཉོ་བ་དེས་སྒྱུ་རྩལ་པ་དང་། སྤྱི་ཚོགས། ཉོ་མཁན་བཅས་ལ་མཉམ་དུ་ཕན་ཐོགས་ཡོང་གི་ཡོད།
- ཨོ་སི་ཊེ་ལི་ཡའི་ནང་གདོད་རིགས་མི་མང་གི་སྒྱུ་རྩལ་དང་ལག་ཤེས་བཟོ་རྩལ་ལ་སྲུང་སྐྱོབ་ཡོད་དམ།
- འགན་འཁུར་ལྡན་པའི་ངང་གདོད་རིགས་མི་མང་དང་ཋོ་རི་སི་མཚོ་འགག་གླིང་ཕྲན་པའི་མི་རིགས་ཀྱི་སྒྱུ་རྩལ་དངོས་རིགས་ཉོ་ཚུལ།
- ཚུལ་མཐུན་ངང་ཚོང་འགྲེམས་བྱས་པའི་གདོད་རིགས་མི་མང་གི་སྒྱུ་རྩལ་དངོས་རིགས་ངོ་མ་གང་དུ་ཡོད།
- གདོད་རིགས་མི་མང་གི་སྒྱུ་རྩལ་དང་ལག་ཤེས་བཟོ་རྩལ་འཚོང་མཁན་ལ་ཅི་ཞིག་འདྲི་དགོས་སམ།
- གདོད་རིགས་མི་མང་དང་ཋོ་རི་སི་མཚོ་འགག་གླིང་ཕྲན་པའི་མི་རིགས་ཀྱི་སྒྱུ་རྩལ་དངོས་རིགས་ཡོངས་རྫོགས་གཅིག་པ་རེད་དམ།
ལོ་ངོ་ ༦༠,༠༠༠ ལྷག་གི་རིང་ལ་མི་རབས་ནས་མི་རབས་བར་བརྒྱུད་པའི་ཤུལ་བཞག་རིག་གཞུང་གི་ཆ་ཤས་ཤིག་ཡིན་པའི་རྒྱུ་མཚན་གྱིས་ཐོག་མའི་མི་རིགས་ཀྱི་རྩ་བའི་སྒྱུ་རྩལ་དངོས་རིགས་ངོ་མ་རྣམས་ལ་རིག་གཞུང་དང་སྒྱུ་རྩལ་གྱི་རིན་ཐང་ཆེན་པོ་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད།
ཨོ་སི་ཊེ་ལི་ཡའི་ནང་དུ་གདོད་རིགས་མི་མང་གི་སྒྱུ་རྩལ་དང་ལག་ཤེས་བཟོ་རྩལ་ལ་སྲུང་སྐྱོབ་ཡོད་དམ།
གདོད་མའི་རིག་གཞུང་དང་བསམ་བློའི་རྒྱུ་ནོར་ཀྱིས་གདོད་རིགས་མི་མང་དང་། ཋོ་རི་སི་མཚོ་འགག་གླིང་ཕྲན་པའི་མི་རིགས་ཀྱི་སྲོལ་རྒྱུན་ཤེས་བྱ་དང་རིག་གཞུང་སྤྱི་ཡོངས་ལ་ཁྱབ་པ་ཡིན།
མཚོན་རྟགས་དང་ཇུས་འགོད་ནི་གདོད་མའི་རིག་གཞུང་དང་བསམ་བློའི་རྒྱུ་ནོར་ངོས་འཛིན་ཐུབ་པའི་རྣམ་པ་འགའ་ཡིན།

"འོན་ཀྱང་གདོད་མའི་རིག་གཞུང་དང་བསམ་བློའི་རྒྱུ་ནོར་ནི་ཕྱིའི་དངོས་པའི་སྒྱུ་རྩལ་གྱི་ཆ་ལས་ལྷག་པ་ཞིག་ཡིན།" ཞེས་ཀུན་ཌམ་མུ་ཀའི་བསམ་བློའི་རྒྱུ་ནོར་ཁྲིམས་རྩོད་པ་སི་ཊེ་ཧྤ་ནི་ཡིས་འགྲེལ་བརྗོད་གནང་།
“གདོད་མའི་རིག་གཞུང་དང་བསམ་བློའི་རྒྱུ་ནོར་གྱི་ཁོངས་སུ་མཐོང་མི་ཐུབ་པའི་དངོས་པོ་ཚང་མ་ཚུད་ཡོད་དེ། དཔེར་ན། སྒྱུ་རྩལ་གྱི་རྒྱབ་ལྗོངས་ཀྱི་གཏམ་རྒྱུད། སྒྱུ་རྩལ་པ་དེས་བཟོ་བཀོད་བསྐྲུན་པ་དང་རང་གི་གཏམ་རྒྱུད་དེ་ལྟར་བཤད་པར་ཤུགས་རྐྱེན་འཕྲད་པའི་གནད་དོན་མཐའ་དག་ཚུད་ཡོད།”
དེ་དག་གི་ལུགས་སྲོལ་དང་ནང་དོན་དག་ནི་སྤྱི་ཚོགས་མི་འདྲ་བ་བར་ལུགས་སྲོལ་ཧ་ཅང་མི་འདྲ་བ་ཡོང་སྲིད་པས། ས་གནས་ཀྱི་རྒྱབ་ལྗོངས་ཤེས་རྟོགས་བྱེད་རྒྱུ་གལ་ཆེན་པོ་རེད།
ཨོ་སི་ཊོ་ལི་ཡ་གཞུང་གིས་གདོད་མའི་རིག་གཞུང་དང་བསམ་བློའི་རྒྱུ་ནོར་སྲུང་སྐྱོབ་བྱེད་པར་དམིགས་བསལ་གྱི་ཁྲིམས་ལུགས་ངོ་སྤྲོད་བྱེད་རྒྱུའི་ཁས་ལེན་བྱས་ཡོད། “དེ་ཡང་སྒྱུ་རྩལ་དངོས་རིགས། ཚོང་ཟོག དྲན་རྟེན་བཅས་རྫུན་མ་རྣམས་ཀྱི་གནོད་འཚེ་སེལ་ཐབས་བྱེད་པའི་ཆེད་དུ་རེད།” སྲུང་སྐྱོབ་འདི་དག་གི་ཆ་ལ་ད་དུང་ཡར་རྒྱས་འགྲོ་བཞིན་ཡོད།
སི་ཊེ་ཧྥ་ནི་པར་ཀིན་ནི་གདོད་རིགས་སྒྱུ་རྩལ་སྒྲིག་གཞི་ཚོགས་པའི་ཚོགས་གཙོ་ཡང་རེད། དེ་ནི་སྒྱུ་རྩལ་པ་དང་ཁོང་ཚོའི་སྒྱུ་རྩལ་སྲུང་སྐྱོབ་བྱེད་པའི་རྒྱལ་ཡོངས་ཀྱི་ཚོགས་པ་ཞིག་རེད། ཕྱི་ལོ་ ༢༠༠༧ ལོར་གྲོས་ཚོགས་ཀྱི་ཞིབ་འཇུག་ཅིག་གི་རྗེས་སུ་ཚོང་ལས་དང་། སྒྱུ་རྩལ་ཚོང་པ་རྣམས་ཀྱི་ཆེད་དུ་རང་འགུལ་གྱིས་ལས་རིགས་སྤྱོད་ལམ་སྒྲིག་གཞི་གཅིག་བརྒྱུད་ནས་བཙུགས་པ་ཞིག་རེད།
སྒྱུ་རྩལ་དངོས་རིགས་རྫུན་མའི་གནད་དོན་ནི་ལོ་བཅུ་ཕྲག་མང་པོའི་རིང་ནས་ཡོད་པ་རེད། དེས་སྒྱུ་རྩལ་པ་རྣམས་ཀྱི་ཆེད་དུ་དཔལ་འབྱོར་གྱི་གནད་དོན་ཙམ་མ་ཡིན་པར། རིག་གཞུང་གི་གནོད་སྐྱོན་དང་སྤྱི་ཚོགས་ལ་ཤུགས་རྐྱེན་ཐེབས་ཡོད།སི་ཊེ་ཧྥ་ནི་པར་ཀིན།
འགན་འཁུར་ལྡན་པའི་ངང་གདོད་རིགས་མི་མང་དང་ཋོ་རི་སི་མཚོ་འགག་གླིང་ཕྲན་པའི་མི་རིགས་ཀྱི་སྒྱུ་རྩལ་དངོས་རིགས་ཉོ་ཚུལ།
སཱ་རེ་ཊ་ཕིལ་ཌིང་ནི་འུ་ན་རོ་ཧ་མི་རིགས་ཀྱི་སྒྱུ་རྩལ་བ་དང་ཇུས་འགོད་པ་ཁེ་ལས་པ་བཅས་ཡིན་ཞིང་། གདོད་རིགས་སྒྱུ་རྩལ་སྒྲིག་གཞི་ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་ཞིག་ཀྱང་ཡིན།
ཁོ་མོས་ “ཨོ་སི་ཊེ་ལི་ཡའི་གདོད་རིགས་མི་མང་གི་སྒྱུ་རྩལ་གྱི་དངོས་རིགས་ཆུང་ངུ་ཞིག་ཉོ་བ་དེ་ནི་བཟང་སྤྱོད་དང་རིག་གཞུང་དང་འབྲེལ་བའི་འགྲུལ་བཞུད་ཅིག་ཡིན།” ཞེས་བཤད།
ཕིལ་ཌིང་ལགས་ཀྱི་ཉོ་མཁན་ཚོར་བྱེད་དགོས་པ་གཙོ་བོ་གསུམ་སློབ་སྟོན་གནང་ཡོད།
- དངོས་རིགས་ཁུངས་དག་ཡིན་མིན་གཞལ་བ།
- བཟང་སྤྱོད་ལྡན་པའི་ཚོང་ལས་ཀྱི་བརྒྱུད་ལམ་དང་འབྲེལ་བ།
- དགོས་ངེས་ཀྱི་དྲི་བ་འདྲི་རྒྱུ།

ཚུལ་མཐུན་ངང་ཚོང་འགྲེམས་བྱས་པའི་གདོད་རིགས་མི་མང་གི་སྒྱུ་རྩལ་དངོས་རིགས་ངོ་མ་གང་དུ་ཡོད།
གདོད་རིགས་མི་མང་གི་བཟོ་རྩལ་དངོས་རིགས་ཁུངས་ལྡན་རྣམས་ས་གནས་དེར་འབྲེལ་བ་ཡོད་པའི་ས་སྐྱེས་རྡོ་སྐྱེས་ཀྱི་སྒྱུ་རྩལ་པས་བཟོས་པ་དང་། ཡང་ན་རིགས་ཁོངས་དེའི་སྒྱུ་རྩལ་པའི་ཆོག་མཆན་ཐོབ་ནས་བསྐྱར་བཟོ་བྱས་པ་ཞིག་ཡིན།
ཚུལ་མཐུན་བརྒྱུད་ལམ་ནས་ཉོ་སྒྲུབ་བྱས་པ་ཡིན་ན། དཔལ་འབྱོར་གྱི་ཁེ་ཕན་དེ་བཟོ་བོ་དང་ཁོང་ཚོའི་སྤྱི་ཚོགས་ལ་ཕན་ཐོགས་ཡོང་གི་རེད། དེ་ལྟར་ཡོང་བ་ལ་ཐབས་ལམ་འདྲ་མིན་ཡོད། དོ་བདག་སྒྱུ་རྩལ་པས་ཐད་ཀར་ཉོ་སྒྲུབ་བྱེད་པའམ་གདོད་རིགས་མི་མང་གི་སྒྱུ་རྩལ་ཁྲོམ་དུས་དང་། རྒྱལ་ཡོངས་སུ་གདོད་རིགས་མི་མང་གི་སྒྱུ་རྩལ་ལྟེ་གནས་༡༠༠ ལས་མང་བ་བརྒྱུད་ནས་ཉོ་སྒྲུབ་བྱེད་པ་བཅས་ཡིན་ཞེས་པར་ཀིན་གྱིས་གསུངས་ཡོད།
ཁྱེད་ཀྱིས་ཚོང་ལས་ཁང་ངམ་འགྲེམས་སྟོན་ཁང་། ཡང་ན་སྒྱུ་རྩལ་དངོས་ཟོག་ཚོང་འགྲེམས་བྱེད་མཁན་ཞིག་གི་ཚོང་ཁང་ཕྱི་རོལ་ལམ། དྲ་ཚིགས་སུ་གདོད་རིགས་མི་མང་གི་སྒྱུ་རྩལ་ཨང་རྟགས་ནག་པོ་དང་དམར་པོ་མཐོང་ཚེ་དེ་ལ་བལྟ་ཆོག དེ་ནི་སྒྱུ་རྩལ་པ་དང་རང་འགུལ་ཐོག་བཟང་སྤྱོད་དང་མཐུན་པའི་ཚོང་འབྲེལ་བྱེད་རྒྱུའི་ཁས་ལེན་ཞིག་ཡིན་པ་དང་། ཉོ་མཁན་སྤུད་ཚད་ཀྱི་འགན་ལེན་ཞིག་ཀྱང་ཡིན།
![Aboriginal Art Co 02[36] copy.jpg](https://assets.sbs.com.au/09/d0/1a3f2ed542e6af286b779ea5658a/aboriginal-art-co-0236-copy.jpg?imwidth=1280)
གདོད་རིགས་མི་མང་གི་སྒྱུ་རྩལ་དང་ལག་ཤེས་བཟོ་རྩལ་འཚོང་མཁན་ལ་ཅི་ཞིག་འདྲི་དགོས་སམ།
ཁྱེད་ཀྱིས་ཁུངས་དག་པའི་སྒྱུ་རྩལ་དངོས་རིགས་སམ་ཆོག་མཆན་ཐོབ་པའི་ཇུས་འགོད་བསྐྱར་བཟོ་ཉོ་སྐབས། སྒྱུ་རྩལ་པ་དང་། སྒྱུ་རྩལ་པའི་ས་ཆ་དང་འབྲེལ་བ། དེ་བཞིན་དེ་ཚོང་འགྲེམས་བྱེད་པའི་ཆ་རྐྱེན་བཅས་ཀྱི་སྐོར་ལ་རྒྱུས་ལོན་བྱེད་རྒྱུ་གལ་ཆེན་པོ་རེད།
"སྒྱུ་རྩལ་པ་ས་རེ་ཊ་ཕིལ་ཌིང་གིས་བརྗོད་དོན། དེ་ལྟ་བུའི་གནས་ཚུལ་དང་དྲི་བ་འོས་འཚམ་འདྲི་བའི་གྲ་སྒྲིག་བྱེད་རྒྱུ་ནི་དོན་དངོས་ཐོག་གོམ་པ་དང་པོ་དེ་རེད།"
ཁོ་མོས་རིག་གནས་སྒྱུ་རྩལ་ཚད་གཞིའི་དྲ་ཚིགས་ནང་གི་ལམ་སྟོན་རྣམས་ལ་བརྩི་སྲུང་བྱེད་དགོས་པའི་ལམ་སྟོན་གནང་།
ཁྱེད་ཀྱིས་དྲི་བ་འདི་ལྟར་འགོ་འཛུགས་ཆོག"
- དངོས་པོ་འདིའི་སྒྱུ་རྩལ་བ་སུ་རེད།
- སྒྱུ་རྩལ་བ་དེ་གང་ནས་རེད།
- སྒྱུ་རྩལ་བ་རྣམས་ལ་གླ་ཆ་ཇི་ལྟར་སྤྲོད་ཀྱི་ཡོད་དམ།

གདོད་རིགས་མི་མང་དང་ཋོ་རི་སི་མཚོ་འགག་གླིང་ཕྲན་པའི་མི་རིགས་ཀྱི་སྒྱུ་རྩལ་དངོས་རིགས་ཡོངས་རྫོགས་གཅིག་པ་རེད་དམ།
གདོད་རིགས་མི་མང་དང་ཋོ་རི་སི་མཚོ་འགག་གི་གླེང་ཕྲན་པའི་སྒྱུ་རྩལ་དངོས་རིགས་རྣམས་ཚུལ་མཐུན་བཞིན་ཉོས་པ་དེས། གདོད་རིགས་སྒྱུ་རྩལ་བ་དང་སྤྱི་ཚོགས་ལ་ཟབ་ཅིང་སྣ་མང་ཅན་གྱི་ཤུལ་བཞག་རིག་གཞུང་རྣམས་རྒྱ་ཆེ་སར་བརྒྱུད་སྤེལ་བྱེད་ཐུབ་པ་ཡོང་གི་ཡོད།
རྒྱུན་དུ་ཁྱེད་ཀྱིས་སྒྱུ་རྩལ་བ་ཞིག་ནས་ཉོ་སྐབས། དེ་ནི་ཁོང་ཚོའི་སྤྱི་ཚོགས་ལའང་ཕན་ཐོགས་ཡོད་པ་ཞིག་ཡིན།སེ་རེ་ཊ་ཕིལ་ཌིང་།
ཨོ་སི་ཊེ་ལི་ཡའི་ནང་གི་ཐོག་མའི་མི་རིགས་ཀྱི་སྒྱུ་རྩལ་དེ་ལོ་ངོ་སྟོང་ཕྲག་མང་པོའི་རིང་ཁྱབ་ཅིང་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བཞིན་ཡོད།
དེ་ནི་རྣམ་པ་དང་སྒྱུ་རྩལ་འདྲ་མིན་སྣ་ཚོགས་སུ་ཡོད་ཅིང་། སྐད་ཡིག་དང་རིག་གཞུང་མི་འདྲ་བ་བརྒྱ་ཕྲག་མང་པོ་མཚོན་པར་བྱེད།
ཕིལ་ཌིང་ལགས་ཀྱིས་མཇུག་ཏུ་ “གདོད་རིགས་སྒྱུ་རྩལ་བ་ཚང་མ་གཅིག་མཚུངས་ཡིན་པའི་ལོག་རྟོག་ལ་དོགས་ཟོན་བྱེད་དགོས།”
“ང་ཚོ་ལ་རྣམ་པ་མང་ཞིང་། ས་ཁུལ་དང་། རྒྱང་ཐག་རིང་བའི་ས་ཆ། ཐ་ན་གྲོང་ཁྱེར་དུ་ཡང་གནས་སྡོད་བྱེད་ཀྱི་ཡོད། ང་ཚོས་གདོད་རིགས་མི་མང་གི་སྒྱུ་རྩལ་ཁུངས་དག་རྣམས་ཚོང་རར་འཁྱེར་ཡོང་རྒྱུར་འབད་བརྩོན་བྱེད་བཞིན་ཡོད།” ཅེས་གསུངས་སོ།། །།
ཨོ་སི་ཊེ་ལི་ཡར་གནས་སྤོ་བྱས་རྗེས་རིན་ཐང་ལྡན་པའི་གནས་ཚུལ་དང་ལམ་སྟོན་མང་ཙམ་ཤེས་རྟོགས་བྱེད་པའི་ཆེད་དུ། ཨོ་སི་ཊེ་ལི་ཡ་འགྲེལ་བརྗོད་ཀྱི་ཆེད་སྒྲིག་སྒྲ་བརྙན་ལེ་ཚན་ཁག་ལ་ཉན་པའམ་རྗེས་འབྲང་བྱེད་རོགས། ཁྱེད་ལ་དྲི་བ་དང་བརྗོད་གཞི་གང་ཞིག་གི་སྐོར་ལ་བསམ་འཆར་ཡོད་ན་ང་ཚོར་australiaexplained@sbs.com.au ལ་གློག་འཕྲིན་གཏོང་རོགས།








