ཕྱི་ལོ་ ༢༠༢༦ ལོར་ཁྲལ་ཆག་ཡང་གི་སྐོར།
གལ་ཏེ་ཁྱེད་ཀྱིས་ལོ་རེར་ཨོ་སྒོར་ ༡༨༢༠༠ ལས་མང་བ་བཟོ་བཞིན་ཡོད་ན། ཕྱི་ལོ་ ༢༠༢༦ ལོར་ཁྱེད་ཀྱི་གླ་ཕོགས་ལ་དགའ་འོས་པའི་འཕར་ཆ་ཉུང་ཉུང་ཞིག་ཡོང་རྒྱུ་རེད། དེ་ཡང་ཟླ་ ༧ ཚེས་ ༡༦ ནས་བཟུང་། སྒེར་གྱི་ཡོང་བབས་ཀྱི་ཁྲལ་གྱི་ཚད་གཞི་དམའ་ཤོས་བརྒྱ་ཆ་ ༡༦ དེ་བརྒྱ་ཆ་ ༡༥ ལ་ཆག་རྒྱུ་རེད།
གཞུང་གིས་འགྱུར་བ་འདིས་ཨོ་སི་ཁྲུ་ལི་ཡའི་མི་སེར་རྣམས་ལ་ལོ་རེར་ཨོ་སྒོར་ ༢༦༨ ལྷག་ཙམ་སྤྲོད་རྒྱུ་ཡིན་པ་དང་། ༢༠༢༧ ལོ་ནས་བཟུང་དེ་ཨོ་སྒོར་ ༥༣༦ བར་འཕར་རྒྱུ་རེད།
"[དངུལ་འབོར་དེ་ཡིས་] ལོ་རེར་འཚིག་ཇ་ག་ཚོད་ཀྱི་རིན་པ་ལོན་ཐུབ་བམ།" ཞེས་ཨོ་སི་ཁྲུ་ལི་ཡའི་ནང་གི་རྩིས་ཁྲའི་ཆེད་ལས་མཐུན་ཚོགས་ཤིག་གི་ཁྲལ་དང་འབྲེལ་བའི་གནད་དོན་ཐད་འགན་འཁུར་མཁན་ཇེ་ནི་ཝོང་གིས་ཨེ་སི་བྷི་ཨེ་སི་གསར་འགྱུར་ཁང་ལ་བརྗོད་ཡོད་པ་རེད།
"དེ་མང་པོ་མིན། ཡིན་ནའང་། ངས་བལྟས་ན་གང་ཡང་མེད་པ་ལས་ཡག་གི་རེད།"
ཁོང་གིས་བརྒྱ་ཆ་གཅིག་ཙམ་ལས་མིན་ཡང་མི་སྒེར་གྱི་ཁྲལ་ཆག་ནི་ཚང་མས་དོ་སྣང་བྱེད་ཡུལ་ཞིག་ཡིན་པར་གསུངས།
ཁེ་ལས་ཆུང་རིགས་ལ་རྒྱབ་སྐྱོར།
སྤྱི་ཟླ་ ༤ པར་གཞུང་གིས་ཁེ་ལས་ཆུང་རིགས་གཉེར་མཁན་ཚོར་རྒྱབ་སྐྱོར་སླད་སྒོར་ཁྲི་ཉི་ཤུ་མན་གྱི་ཅ་དངོས་ལ་ཐད་ཀར་ཁྲལ་གྱི་ཆག་ཡང་ཀྱི་ལམ་ལུགས་དེ་མུ་མཐུད་ཟླ་བ་ ༡༢ ཏེ་ ཕྱི་ལོ་ ༢༠༢༦ ལོའི་ཟླ་ ༦ ཚེས་ ༣༠ བར་འཕར་འགྱངས་ཀྱི་གསལ་བསྒྲགས་བྱས་ཡོད། ཁྲིམས་དེ་ཟླ་བཅུ་གཅིག་པའི་ནང་གྲོས་ཚོགས་སུ་གཏན་འབེབས་བྱས་པ་རེད།
འཆར་གཞི་འདིའི་འོག་ཏུ་འོས་འཚམས་ཀྱི་ཁེ་ལས་གཉེར་མཁན་ཚོས་ཅ་དངོས་གང་ཞིག་སྤྱོད་པ་དང་སྒྲིག་འཇུག་བྱས་པའི་ལོ་དང་པོར་ཅ་དངོས་དེའི་ཚོང་ལས་དང་འབྲེལ་བའི་ཆ་ཤས་ལ་ཐད་ཀར་ཁྲལ་གྱི་ཆག་ཡང་ཞུ་ཆོག
གཞུང་གི་བཤད་པ་ལྟར་ན། ལོ་རེའི་ཡོང་བབས་སྒོར་ས་ཡ་ ༡༠ ལས་ཉུང་བའི་ཁེ་ལས་ཆུང་རིགས་ས་ཡ་༤ དང་འབུམ་ ༡ ལྷག་ཙམ་ལ་སྲིད་ཇུས་དེས་ཕན་ཐོགས་ཀྱི་ཡོད། ཝང་གིས་འདི་ནི་ཕྱི་ལོ་ ༢༠༢༦ ལ་ཨོ་སི་ཁྲུ་ལི་ཡའི་ནང་ཁྲལ་གྱི་འགྱུར་བ་ཆེ་ཤོས་དེ་ཡིན་པར་ཡིད་ཆེས་བྱེད་ཀྱི་ཡོད། ཁོ་མོས་གསུངས་དོན། "བྱེད་ཐབས་འདི་དག་གི་དམིགས་ཡུལ་ནི་ཁེ་ལས་ཆུང་རིགས་རྣམས་ལ་ཅ་དངོས་གསར་པར་མ་དངུལ་འཇོག་རྒྱུར་རོགས་རམ་བྱེད་རྒྱུ་དེ་ཡིན།"
དེ་མིན་གྱི་འགྱུར་བ་ནི་ ༢༠༢༦ ལོའི་ཟླ་བ་༧ ནས་བཟུང་རྒྱལ་ཡོངས་ཁྲལ་བསྡུ་ལྷན་ཁང་ནས་དོ་དག་ལ་དབང་བའི་གནས་ཁང་འཕར་མ་རྣམས་ལྷོད་ཡངས་བྱ་ཡུལ་གྱི་མཐུན་རྐྱེན་དུ་བརྩི་རྒྱུ་ཡིན་འདུག དེའི་དོན་ནི་བདག་པོ་ཚོས་ཁང་པ་དེ་དག་གཙོ་བོ་ཡོང་བབས་བསྐྲུན་ཆེད་བོགས་མ་བཏང་མེད་ཚེ། དེ་དག་གི་ཉམས་གསོ་དང་བདག་ཉར་གྱི་འགྲོ་གྲོན་ལ་ཁྲལ་གྱི་ཆག་ཡང་མེད་པ་རེད།
དེ་བཞིན་དུ་ལོ་རྗེས་མར། ཨོ་སི་ཁྲུ་ལི་ཡའི་ཁྲལ་བསྡུ་ལྷན་ཁང་གིས་སྤྱི་ཡོངས་སྐྱེད་བབས་དཔྱ་ཁྲལ་ཇི་ཨ་ཡི་སི་gic ལ་ཆག་ཡང་མེད་པར་འགྱུར་རྒྱུ་ཡིན་འདུག དེ་ནི་ཁྲལ་བུན་འཇལ་མི་ཐུབ་མཁན་ཚོར་ཉིན་རེ་བཞིན་འཕར་བའི་ཁྲལ་བུན་གྱི་ཉེས་ཆད་འཕར་མ་ཞིག་ཡིན།
ཨོ་སི་ཁྲུ་ལི་ཡའི་ཁྲལ་བསྡུ་ལྷན་ཁང་གི་འགན་འཛིན་གཞོན་པ་ཨ་ནི་ཏ་ཆ་ལན་གྱིས་གསུངས་དོན། འགྱུར་བ་འདིས་ཁྲལ་གྱི་བུ་ལོན་ཡོད་མཁན་ཚོར་འགྲོ་གྲོན་མང་དུ་འགྲོ་རྒྱུ་ཡིན་པ་དང་། "ཁྲལ་དུས་རྗེས་མ་དེའི་བར་དུ་འགྲོ་གྲོན་འདི་མངོན་གྱི་མེད་ཀྱང་། ཨོ་སི་ཁྲུ་ལི་ཡའི་ཁྲལ་བབས་ལས་ཁུངས་ཀྱི་སྤྱི་ཡོངས་སྐྱེད་བབས་དཔྱ་ཁྲལ་ནི་ད་ལྟ་བརྒྱ་ཆ་བཅུ་གཅིག་དང་གྲངས་ཆུང་ཆུང་བཅུ་བདུན་ལ་གཏན་འབེབས་བྱས་ཡོད་པ་དང་། འགྲོ་གྲོན་འཕར་མ་དེ་ཉིན་རེ་བཞིན་འཕར་གྱི་ཡོད་པས། ཁྲལ་འཇལ་བའི་འོས་འགན་དེ་དུས་ཐོག་ཏུ་བསྒྲུབ་རྒྱུ་གལ་ཆེན་པོ་ཡིན།"
ཨོ་སི་ཁྲུ་ལི་ཡའི་མི་ས་ཡ་མང་པོར་གླ་ཕོགས་ཀྱི་རྒས་ཡོལ་ཐོབ་ཆའི་འགྱུར་བཅོས་ཀྱིས་ཕན་ནུས་ཆེན་པོ་ཐོན་རྒྱུ་ཡིན་པ་རེད།
གླ་ཕོགས་ཀྱི་རྒས་ཡོལ་ཐོབ་ཆའི་ཚོགས་མིའི་ལྷན་ཁང་གི་འགན་འཛིན་པ་མི་ཤཱ་ཤུ་བྷ་ཊི་Misha Schubert ཡིས་གསུངས་པ་ལྟར་ན། ཕྱི་ལོ་ ༢༠༢༦ ལོར་ཨོ་སི་ཁྲུ་ལི་ཡའི་མི་ས་ཡ་མང་པོར་གླ་ཕོགས་ཀྱི་རྒལ་ཡོལ་ཐོབ་ཆའི་ཐད་ཀྱི་ཁྲིམས་ལུགས་ལ་འགྱུར་བ་གལ་ཆེན་བྱུང་བ་དེ་དག་གིས་ཕན་ནུས་ཆེན་པོ་ཐོན་རྒྱུ་ཡིན་པ་རེད།
དང་ཐོག་ཉིན་རེའི་གླ་ཕོགས་ཀྱི་རྒན་གསོའི་ཁྲིམས་དེ་ཟླ་བ་བདུན་པ་ནས་ལག་བསྟར་བྱ་རྒྱུ་ཡིན་པ་དང་། དེའི་དོན་ནི་ལས་མི་ཚོར་གླ་ཕོགས་སྤྲད་པ་དང་མཉམ་དུ་རྒས་ཡོལ་ཐོབ་ཆ་སྤྲོད་རྒྱུ་ཡིན་པ་རེད།
ད་ལྟའི་ཁྲིམས་ལུགས་ལྟར་ན། གླ་ཕོགས་ཐོག་རྒས་ཡོལ་ཐོབ་ཆ་ཉུང་མཐར་ལོ་རེར་ཐེངས་བཞི་སྤྲོད་དགོས་པ་དང་། དེ་ཡང་རྒས་ཡོལ་ཐོབ་ཆ་སྤྲོད་པའི་དུས་ཚོད་ངེས་ཅན་གྱི་ནང་ཚུད་དམ་དེའི་སྔོན་ལ་སྤྲད་ཟིན་པ་དགོས།
"གླ་ཕོགས་རྒྱག་སྐབས་རྒས་ཡོལ་ཐོབ་ཆ་སྤྲོད་རྒྱུ་དེ་ནི་ཕྱི་ལོ་ ༢༠༢༦ ལོར་རྒས་ཡོལ་ཐོབ་ཆའི་ཁྱབ་ཁོངས་ཀྱི་འགྱུར་བ་ཆེ་ཤོས་དེ་ཡིན། དེར་བརྟེན་ཟླ་བ་ ༧ ཚེས་ ༡ ཉིན་ཁྲིམས་དེ་དངོས་སུ་ལག་བསྟར་བྱེད་སྐབས་དོན་རྐྱེན་ཆེན་པོ་ཞིག་ཏུ་འགྱུར་རྒྱུ་རེད།" ཅེས་ཤུ་བྷ་ཊི་ཡིས་ཨེ་སི་བྷི་ཨེ་སི་གསར་འགྱུར་ཁང་ལ་བརྗོད་ཡོད།
ཕ་མའི་གུང་སེང་ལེན་མཁན་ཚོར་གླ་ཕོགས་ཀྱི་རྒས་ཡོལ་ཐོབ་ཆ།
ཕྱི་ཟླ་ ༧ ནས་གླ་ཡོད་ཕ་མའི་གུང་སེང་ལེན་མཁན་ཚོ་ལ་ཡང་རྒས་ཡོལ་ཐོབ་ཆ་འཐོབ་རྒྱུ་ཡིན། ཕྱི་ལོ་
༢༠༢༦ ལོའི་ཟླ་བ་ ༧ པ་ནས་འགོ་བཙུགས་ཏེ། ཁྲལ་བསྡུ་ལྷན་ཁང་གིས་དངུལ་འབོར་དེ་ལོ་རེའི་དངུལ་རྩིས་ཚར་རྗེས་ལོ་མཇུག་ཏུ་ལས་མི་ཚོའི་རྒན་གསོའི་མ་དངུལ་ནང་ཐད་ཀར་བླུག་གི་རེད།
གཞུང་གིས་ད་དུང་རྒན་གསོའི་དངུལ་འབོར་ས་ཡ་ ༣ ནས་ས་ཡ་ ༡༠ བར་གྱི་བབས་ཁུངས་ནས་ཐོབ་པའི་ཁེ་བབས་ལ་བརྒྱ་ཆ་སུམ་ཅུའི་དཔྱ་ཁྲལ་དང་། ས་ཡ་ ༤༠ ལས་བརྒལ་བའི་བབས་ཁུངས་ནས་ཐོབ་པའི་ཁེ་བབས་ལ་བརྒྱ་ཆ་བཞི་བཅུའི་དཔྱ་ཁྲལ་ཕོག་རྒྱུ་ཡིན་པའི་གསལ་བསྒྲགས་བྱས་ཡོད།
སྨན་རྫས་གོང་ཆུང་བ་།
ཕྱི་ལོ་ ༢༠༢༦ ལོ་འགོ་ཚུགས་པ་དང་མཉམ་དུ་མཚན་གྱི་ཆུ་ཚོད་བཅུ་གཉིས་རྗེས་སྨན་རྫས་དགེ་ཕན་ལས་གཞིའི་ནང་བཀོད་པའི་སྨན་རྫས་ལ་ནད་པ་ཞིག་གིས་འཇལ་དགོས་པའི་གོང་ཚད་མཐོ་ཤོས་ཨོ་སྒོར་༣༡.༦༠ ནས་ཨོ་སྒོར་ ༢༥ བར་ཉུང་དུ་འགྲོ་རྒྱུ་རེད།
རྒས་ཡོལ་དང་ཕྱེད་བཅག་ལག་ཁྱེར་ཡོད་མཁན་ཚོས་ཉུང་མཐར་ཕྱི་ལོ་ ༢༠༣༠ བར་མུ་མཐུད་སྨན་རིན་ལ་ཨོ་སྒོར་ ༧.༧༠ འཇལ་རྒྱུ་རེད།
འགྱུར་བ་འདི་ངལ་རྩོལ་ཚོགས་པས་ཟླ་བ་ལྔ་པའི་འོས་བསྡུའི་ལས་འགུལ་སྐབས་གསལ་བསྒྲགས་བྱས་ཡོད་པ་དང་། དེས་ཨོ་སི་ཁྲུ་ལི་ཡའི་མི་མང་ལ་ལོ་རེར་ཨོ་སྒོར་ས་ཡ་ ༢༠༠ གྲོན་ཆུང་བྱེད་འཐུབ་རྒྱུ་རེད།
བདུན་ཕྲག་རེར་བྱིས་པ་ལྟ་སྐྱོང་ཁང་དུ་བཅོལ་རྒྱུའི་ཉིན་གསུམ་ལ་ཆག་ཡང།
གལ་ཏེ་ཁྱེད་ཀྱི་ཁྱིམ་ཚང་ལ་བྱིས་པ་ལྟ་སྐྱོང་གི་རོགས་དངུལ་ཐོབ་ཀྱི་ཡོད་ན། ཟླ་བ་དང་པོའི་ཚེས་ལྔ་ནས་བཟུང་བདུན་ཕྲག་རེར་ཉིན་གསུམ་ལ་བྱིས་པར་ལྟ་སྐྱོང་གི་ཆག་ཡང་ཡོད།
འགྱུར་བ་འདིས་ད་ལྟའི་བྱེད་སྒོ་གཞིར་བཞག་གི་ཡིག་རྒྱུགས་མེད་པ་བཟོས་ཏེ། ཡོང་བབས་ཨོ་སྒོར་ ༥༣༠,༠༠༠ བར་ཡོད་པའི་ཁྱིམ་ཚང་ཚོར་རོགས་དངུལ་འགན་ལེན་བྱེད་རྒྱུ་རེད།
ཡིག་རྒྱུགས་འདིས་ཕ་མ་ཚོ་ལས་ཀར་ཞུགས་པའམ་ཡང་ན་ཆོག་མཆན་ཡོད་པའི་བྱེད་སྒོའི་ནང་ཞུགས་དགོས་པའི་ཆ་རྐྱེན་བཏོན་ཡོད་ལ། གཞུང་གི་རོགས་སྐྱོར་གྱི་ཚད་གཞི་ནི་བྱེད་སྒོ་དེ་དག་ནང་ཞུགས་པའི་དུས་ཚོད་ཀྱི་གྲངས་ལ་གཞི་བཞག་གི་ཡོད།
ཡོང་བབས་ཨོ་སྒོར་ ༥༣༣,༢༨༠ ལས་མང་བ་ཡོད་པའི་ཁྱིམ་ཚང་ཚོར་བྱིས་པར་ལྟ་སྐྱོང་ལ་རོགས་དངུལ་ཐོབ་མི་ཐུབ།
སྤྱི་ཚོགས་བདེ་དོན་དངུལ་བབས་ལ་འགྱུར་བཅོས།
ན་གཞོན་གྱི་རོགས་དངུལ་དང་། སློབ་སྦྱོང་བྱེད་མཁན་གྱི་རོགས་དངུལ། སློབ་སྦྱོང་བྱེད་མཁན་གྱི་གདོད་རིགས་མང་ཚོགས་ཀྱི་རོགས་དངུལ། ན་གཞོན་དབང་པོ་སྐྱོན་ཅན་གྱི་རྒྱབ་སྐྱོར་རོགས་དངུལ། དེ་བཞིན་ལྟ་སྐྱོང་བྱེད་མཁན་གྱི་རོགས་དངུལ་ལེན་མཁན་བཅས་ཨོ་སི་ཁྲུ་ལི་ཡའི་མི་ཚོར་འགྱུར་བ་གསར་པ་འདིའི་འོག་ནས་རོགས་དངུལ་མང་བ་འཐོབ་རྒྱུ་རེད།
གཏན་འཁེལ་མེད་པའི་ཁེར་རྐྱང་བ་ཚོར་ན་གཞོན་གྱི་རོགས་དངུལ་གྱི་མཐོ་ཤོས་ནི་ ༢༠༢༦ ལོར་ཨོ་སྒོར་ ༦༦༣.༣༠ ནས་ཨོ་སྒོར་ ༦༨༤.༢༠ བར་འཕར་རྒྱུ་རེད།
སློབ་སྦྱོང་བྱེད་མཁན་གྱི་རོགས་དངུལ་གྱི་ཡོང་བབས་ཀྱི་ཚད་གཞི་ཡང་འཕར་རྒྱུ་ཡིན་ལ། ན་གཞོན་གྱི་རོགས་དངུལ་དང་སློབ་སྦྱོང་བྱེད་མཁན་གྱི་གདོད་རིགས་མང་ཚོགས་ཀྱི་རོགས་དངུལ་ཞུ་མཁན་གྱི་ཕ་མའི་ཡོང་བབས་ཚད་གཞི་ཡང་འཕར་རྒྱུ་རེད།
ལྟ་སྐྱོང་བྱེད་མཁན་གྱི་མི་གྲངས་ ༦༨༠,༠༠༠ ཙམ་ལ་ཟླ་རེའི་བདུན་ཕྲག་གཉིས་རེར་རོགས་དངུལ་ཨོ་སྒོར་ ༢.༩ ནས་ཨོ་སྒོར་ ༡༦༢.༢༠ ལ་འཕར་རྒྱུ་རེད།
སྤྱི་ཚོགས་ཞབས་ཞུ་བློན་ཆེན་ཊ་ནི་ཡ་ཕི་ལི་བྷར་སེག་ Tanya Plibersek ལྟར་ན། འགྱུར་བ་འདིས་ "སློབ་སྦྱོང་དང་ལྟ་སྐྱོང་གཉིས་ཀ་བྱེད་བཞིན་པའི་ཨོ་སི་ཁྲུ་ལི་ཡའི་མི་ས་ཡ་གཅིག་ལྷག་ལ་རོགས་དངུལ་འཕར་མ་" འཐོབ་རྒྱུ་རེད།
གློག་རིན་གུན་གསབ་མེད་པར་འགྱུར་རྒྱུ།
ཕྱི་ལོ་ ༢༠༢༦ ལོའི་འགྱུར་བཅོས་ཡོངས་རྫོགས་ཨོ་སི་ཁྲུ་ལི་ཡའི་ཡུལ་མི་ཚོར་དངུལ་མང་བ་གསོག་ཐུབ་པ་ཡོང་གི་མེད།
ནོར་སྲིད་བློན་ཆེན་ཇིམ་ཆ་ལེ་མར་སིས་ Jim Chalmers ཕྱི་ལོ་ ༢༠༢༦ ལོར་གློག་རིན་གུན་གསབ་ཀྱི་རོགས་སྐྱོར་བསྐྱར་དུ་འཐོབ་རྒྱུ་མེད་པ་ཟོས་ཡོད་ཅེས་དང་། རོགས་དངུལ་འདིས་ཕྱི་ལོ་ ༢༠༢༤ ལོའི་སྔོན་རྩིས་ནང་ཁྱིམ་ཚང་ལ་ཨོ་སྒོར་ ༣༠༠ དང་། ཕྱི་ལོ་ ༢༠༢༥ ཡི་ལོ་ཕྱེད་ལ་ཨོ་སྒོར་ ༡༥༠ འགྲོ་གྲོན་བསྲི་ཚགས་ཐུབ་པ་བྱུང་ཡོད་ཅེས་གསུངས་ཡོད།
སེ་ལི་ཊིན་ཌལ་ Sally Tindall ནི་དཔལ་འབྱོར་བསྡུར་བའི་དྲྭ་ཚིགས་ཀེན་སི་ཊར་ Canstar གྱི་གནས་ཚུལ་ཞིབ་དཔྱོད་ཀྱི་འགན་འཛིན་ཡིན། ཁོང་གིས་ཨོ་སི་ཁྲུ་ལི་ཡུལ་མི་ཚོར་ལོ་རྗེས་མར་གློག་རིན་གྱི་འཕར་ཚད་ལ་ཧོན་འཐོར་སྲིད་པའི་ཉེན་བརྡ་བཏང་ཡོད། རྒྱུ་མཚན་ནི་དབུས་གཞུང་གི་གུན་གསབ་རོགས་དངུལ་མེད་པར་འགྱུར་རྒྱུ་རེད་འདུག
གཞུང་གིས་ཁྱིམ་ཚང་མང་ཆེ་བར་སྤྲད་པའི་རོགས་དངུལ་ཐ་མ་དེ་ཕལ་ཆེར་ཟླ་བ་ ༡༠པའི་ནང་ཁོང་ཚོའི་དངུལ་ཁང་ནང་འབྱོར་ཡོད། ད་ལྟ་མི་མང་ཆེ་བ་ནི་ལོ་གཅིག་གི་ནང་དུས་ཚིགས་ཐེངས་བཞིར་གློག་རིན་སྤྲོད་རྒྱུའི་ལམ་ལུགས་འོག་ཡོད་པས་ཕལ་ཆེར་ཁོང་ཚོས་དངུལ་སྒོར་བདུན་ཅུ་དོན་ལྔ་དེ་དུས་ཚིགས་འདིའི་ནང་བེད་སྤྱོད་གཏོང་གི་རེད། ཅེས་ཨེ་སི་བྷི་ཨེ་སི་གསར་འགྱུར་ཁང་ལ་གསུངས་ཡོད།
"ཁོང་ཚོའི་དུས་ཚིགས་རྗེས་མའི་རྩིས་ཁྲ་དེ་ཟླ་བ་དང་པོའི་ནང་འབྱོར་སྲིད་པ་དང་། གནས་སྟངས་འགའ་ཞིག་གི་ནང་དུ་ཕལ་ཆེར་ལོ་རྗེས་མའི་ཟླ་བ་བཞི་པའི་མགོ་སྟོད་དུའང་འབྱོར་སྲིད་པ་རེད། ཕལ་ཆེར་དེ་ནི་ཁོང་ཚོར་སྐྱོབ་གསོའི་དངུལ་མེད་པའི་རྩིས་ཁྲ་དང་པོ་དེ་ཡིན་སྲིད་པ་དང་། རིན་གོང་ཇི་ཙམ་མཐོ་པོ་ཡོད་པ་དེས་ཁོང་ཚོར་ཧ་ལས་དགོས་པ་ཆགས་སྲིད་པ་རེད།" ཅེས་ཏིན་ཌལ་གྱིས་བརྗོད་ཡོད།
"འདས་པའི་ཟླ་བ་བཅོ་བརྒྱད་རིང་གཞུང་གིས་བསྟར་རྒྱུན་དུ་སྤྲད་པའི་དངུལ་སྒོར་བདུན་ཅུ་དོན་ལྔ་དེ་དག་གིས་གློག་གི་རིན་གོང་དེ་ཕྱི་ཚུལ་དུ་དམའ་རུ་གཏོང་བཞིན་ཡོད།"
གློག་གི་རིན་གོང་འཕར་ཆག་གི་གནད་དོན་ཇི་ཡོང་ལོ་རྗེས་མར་མཁོ་སྤྲོད་བྱེད་མཁན་དང་གཞུང་གི་བར་གྲོས་མོལ་བྱས་རྗེས་ཤེས་རྟོགས་ཐུབ།
ཏིན་ཌལ་གྱིས་ ༢༠༢༦ ལོའི་དཔལ་འབྱོར་གྱི་རྩིས་ལོ་གསར་པ་དེ་འགོ་འཛུགས་པའི་སྐབས་སུ་ཁྱིམ་ཚང་ཚོས་གློག་གི་རིན་གོང་མང་བ་སྤྲོད་དགོས་པའི་ཚོད་དཔག་བྱེད་ཀྱི་ཡོད་ཅེས་བརྗོད་ཡོད།
ཆུ་ཚོད་གསུམ་ལ་གློག་རིན་མི་དགོས་པ།
༢༠༢༦ ལོར་ཁྱེད་ལ་གློག་རིན་མེད་ལོངས་སུ་སྤྱོད་པའི་གོ་སྐབས་ཡོད་སྲིད།
ཟླ་བ་བདུན་པ་ནས་བཟུང་། ནིའུ་སའོ་ཐ་ཝེལ་སི་དང་། ལྷོ་ཤར་ཁུན་སི་ལནཌ། ལྷོ་ཨོ་སི་ཁྲུ་ལི་ཡ་བཅས་ཀྱི་ཁྱིམ་ཚང་རྣམས་ལ་ཉི་གློག་མཉམ་སྤྱོད་ལས་གཞི་ལ་ཞུགས་པའི་གོ་སྐབས་ཐོབ་རྒྱུ་ཡིན་ལ། ལས་གཞི་དེས་འཛུལ་ཞུགས་བྱེད་མཁན་རྣམས་ལ་ཉིན་ལྟར་ཆུ་ཚོད་གསུམ་རིང་གློག་རིན་མེད་པར་གློག་བེད་སྤྱོད་བྱེད་རྒྱུའི་གོ་སྐབས་འཐོབ་རྒྱུ་རེད།
ཏིན་ཌལ་གྱིས་ "ཉི་གློག་མཉམ་སྤྱོད་ཀྱི་འཆར་བཀོད་དེས་ཁྲོམ་ར་ལ་འགྱུར་བ་ཇི་ལྟར་གཏོང་མིན་ལ་བལྟ་རྒྱུ་ཡོད།"ཅེས་བརྗོད།
ཟླ་བ་བཅུ་གཅིག་པར་ལས་གཞི་འདི་གསལ་བསྒྲགས་བྱེད་སྐབས། གློག་ནུས་བློན་ཆེན་ཁི་རི་སི་བྷོ་ཝེན་ Chris Bowenགྱིས་བརྗོད་དོན། "རིན་མེད་གློག་ནུས་ཀྱི་དུས་ཚོད་ནང་གློག་སྤྱོད་ཐུབ་མཁན་ཚོར་ཕན་ཐོགས་ཆེན་པོ་ཡོང་རྒྱུ་ཡིན་ལ། ཁོང་ཚོར་ཉི་གློག་བསྡུ་ཆས་ཡོད་མེད་དང་། རང་གི་ཁང་པ་ཡིན་མིན་ལ་མ་ལྟོས་པར་ཁེ་ཕན་འཐོབ་རྒྱུ་རེད།"
"མི་ཚོས་ལས་གཞི་དེ་བེད་སྤྱད་ནས་གློག་བེད་སྤྱོད་བྱེད་པའི་དུས་ཚོད་ལ་འགྱུར་བ་བཏང་ན་དེས་གློག་ཁུངས་ལ་ཕན་ཐོགས་རྒྱུ་དང་། དེ་ལས་གློག་བེད་སྤྱོད་བྱེད་མཁན་ཡོངས་ལ་གློག་རིན་དམའ་རུ་འགྲོ་རྒྱུ་རེད།" ཅེས་གསུངས་།
ཨོ་སི་ཁྲུ་ལི་ཡའི་ནད་རིགས་སྟངས་འཛིན་ལྟེ་གནས་ཁང་།
ཕྱི་ལོ་ ༢༠༢༦ ལོའི་ཟླ་བ་དང་པོ་ནས་བཟུང་། ཨོ་སི་ཁྲུ་ལི་ཡར་ནད་རིགས་སྟངས་འཛིན་ལྟེ་གནས་ཁང་ ཞིག་འཛུགས་རྒྱུ་ཡིན་ལ། དེའི་དམིགས་ཡུལ་ནི་མང་ཚོགས་ཀྱི་ཛ་དྲག་འཕྲོད་བསྟེན་དོན་རྐྱེན་ལ་ཡ་ལན་སྤྲོད་པ་དང་སྔོན་འགོག་བྱེད་རྒྱུ་དེ་ཡིན།
ལྟེ་གནས་ཁང་དེས་འབག་ཆུ་ལྟ་ཞིབ་ལ་འགན་འཁུར་ནས་ནད་རིགས་ལ་ལྟ་རྟོག་བྱེད་རྒྱུ་དང་། ལས་དོན་དེ་དང་འབྲེལ་བའི་ས་གནས་དང་ས་ཁུལ་གྱི་འགན་འཁུར་བ་རྣམས་དང་འབྲེལ་བ་བྱེད་རྒྱུ་རེད།
ལྟེ་གནས་ཁང་དེར་འཕྲོད་བསྟེན་བློན་ཆེན་གྱིས་བསྐོ་བཞག་བྱེད་པའི་འགན་འཛིན་ཞིག་ཡོང་རྒྱུ་ཡིན་ལ། ཕྱི་ལོ་ ༢༠༢༦ ལོའི་ཟླ་བ་ ༡ ཚེས་ ༡ ཉིན་ནས་ལས་དོན་འགོ་འཛུགས་རྒྱུ་རེད།
ཁུན་སི་ལནཌ་སྨན་རིག་གཙུག་ལག་སློབ་གྲྭ་ཆེན་མོའི་སློབ་དཔོན་གཞོན་པ་པོལ་གྷི་རི་ཕིན་Poul Griffin གྱིས་དེ་སྔོན་ཨེ་སི་བྷི་ཨེ་སི་གསར་འགྱུར་ཁང་ལ་ "ཨོ་སི་ཁྲུ་ལི་ཡའི་ནད་རིགས་སྟངས་འཛིན་ལྟེ་གནས་ཁང་འཛུགས་རྒྱུ་དེས་འགོས་ནད་ཀྱི་ཐོག་ལ་ལྟ་རྟོག་བྱེད་པར་རོགས་རམ་བྱེད་ཐུབ" ཅེས་གསུངས་ཡོད།
ཁོང་གིས་ད་དུང་ "ད་ལྟ་ང་ཚོ་གནས་སྟངས་ཉེན་ཁ་ཅན་ཞིག་གི་ནང་དུ་ཡོད། ད་ལྟ་ང་ཚོས་ཡོད་བཞིན་པའི་ནད་རིགས་ཀྱི་ཉེན་ཁ་ལ་གདོང་ལེན་བྱེད་སྟངས་དང་། སྔོན་འགོག་ཁབ་ཀྱི་རིན་འབབ་གཉིས་ཀའི་ཆ་ནས་དཀའ་ངལ་ཆེན་པོ་ཞིག་ཡིན།"ཞེས་དང་།
"དེར་བརྟེན། ང་ཚོས་ད་ལྟ་འཕྲད་བཞིན་པའི་དཀའ་ངལ་ལ་གདོང་ལེན་བྱེད་པར་འབད་བརྩོན་དེ་ལས་མང་བ་བྱེད་དགོས་པ་མ་ཟད། འབྱུང་འགྱུར་འཕྲད་སྲིད་པ་དང་འཕེལ་རྒྱས་འགྲོ་བཞིན་པ་ལ་གོམ་པ་མདུན་སྤོས་ཀྱིས་གདོང་ལེན་བྱེད་པར་གྲ་སྒྲིག་ཡག་པོ་བྱེད་དགོས།" ཞེས་བརྗོད་འདུག
མི་འབོར་ཞིབ་བཤེར་གྱི་དྲི་བ་གསར་པ་ཞིག།
ལོ་ལྔ་རེའི་རྗེས་སམ། ཕྱི་ལོ་ ༢༠༢༦ ལོའི་ཟླ་བ་ ༨ པར་མི་འབོར་ཞིབ་བཤེར་བྱེད་རྒྱུ་རེད། འོན་ཀྱང་ཐེངས་འདིར་ཁྱེད་ལ་དྲི་བ་འགོད་སྟངས་ལ་འགྱུར་བ་འགའ་ཞིག་ཡོང་རྒྱུ་རེད།
ཟླ་བ་ ༢ པའི་ནང་། ཨོ་སི་ཁྲུ་ལི་ཡའི་མི་འབོར་ཞིབ་བཤེར་ལས་ཁུངས་ཀྱིས་ཕྱི་ལོ་ ༢༠༢༦ ལོའི་མི་འབོར་ཞིབ་བཤེར་ནང་ཕོ་མོའི་སྐོར་དང་ཁྱིམ་ཚང་། ཁྱིམ་ཚང་གི་འབྲེལ་བ་སོགས་ཀྱི་དྲི་བར་བསྐྱར་བཅོས་བྱས་པ་དང་། ཕོ་མོ་སོགས་ཀྱི་དབྱེ་བ་དང་འབྲེལ་བའི་དྲི་བ་ལ་དམིགས་སུ་ཚིག་ཟིན་དུ་ "སྐྱེས་དུས་ཕོ་མོ་ཅི་ཞིག་ཡིན་པ་ཐོ་འགོད་བྱས་པ་" ཞེས་ལོགས་སུ་བཀར་ཡོད་པ་རེད།"
དྲི་ཤོག་དེའི་ནང་སྐབས་བབས་ཕོ་མོ་སོགས་གང་ཡིན་གྱི་སྔར་ཡོད་དྲི་བའི་ཐོག་བསྐྱར་བཅོས་བྱས་པའི་དྲི་གཞི་དེ་ཚུད་ཡོད།། །།











