འཛམ་གླིང་རྐང་རྩེད་སྤོ་ལོའི་རྩེད་འགྲན་གྱི་ཉིན་ཉི་ཤུ་རྩ་བདུན་པར་ཨར་ཇིན་ཊི་ན་ཡིས་ཨི་ཇིབ་ཊི་ལས་སླར་གསོའི་རྒྱལ་ཁ་བླངས་པ་དང་སུད་ཛར་ལན་ཌི་ཡིས་མཐའ་མར་དངངས་སྐྲག་ཆེ་བའི་གནས་སྟངས་འོག་ཐག་གཅོད་སྤོ་ལོ་བླུགས་ནས་བདུན་བསྐྱོད་རུ་ཁག་བཞི་པོ་སུ་ཡིན་ཐག་གཅོད་བྱུང་སོང་།
ཨ་ཊིན་ཏ་རྩེད་ཐང་ཆེན་མོར་ཨར་ཇིན་ཊི་ན་དང་། མཐའ་མའི་སྡེ་ཚན་བཅུ་དྲུག་པའི་ནང་ཆེད་ཐོག་མར་མཛུལ་ཞུགས་ཐུབ་མཁན་ཨི་ཇིབ་ཊི་གཉིས་ཀྱིས་འགྲན་རྩེད་ཀྱིས་ལྟད་མོ་རྣམས་ལ་མིག་གི་ལོངས་སྤྱོད་རྫོགས་པར་བྱས།
ཨི་ཇིབ་ཀྱིས་སྤོ་ལོ་སྲུང་མཁན་མོ་ཧ་མ་དྷི་ཨིན་ཤེན་ན་ཝེ་ཡིས་ལི་ནོ་མེ་སི་ཡིས་མེ་སི་གྱི་ཐག་གཅོད་སྤོ་ལོ་ཞིག་བཀག་རྗེས་སེར་ཨི་བྷི་རམ་དང་མོ་སི་ཊ་ཕ་ཛི་ཀོ་གཉིས་པོས་སྤོ་ལོ་རེ་བླུགས་ནས་འགྲན་རྩེད་ཀྱི་སྒོ་ལྟོད་དུ་སྐད་གྲགས་ཆེ་བའི་སྣེ་ཁྲིད་བྱས། འོན་ཀྱང་ཨར་ཇེན་ཊི་ན་ཡིས་ངོ་མཚར་དང་བཅས་དེའི་ལན་དུ་། ཁི་རི་སི་ཊི་ཡན་རོ་མེ་རོ་ཡིས་སྐར་མ་ ༧༩ པར་སྤོ་ལོ་གཅིག་དང་། མེ་སི་ཡིས་སྐར་མ་བཞི་རྗེས་སུ་དོ་མཉམ་བཟོས་པ་དང་། ཨེན་ཛོ་ཕེར་ནན་ཌི་ཛི་ཡིས་མཐའ་མའི་སྐར་གྲངས་ཀྱི་ནང་སྤོ་ལོ་གཅིག་བླུགས་ཏེ་ཨར་ཇིན་ཊི་ན་ལ་རྒྱལ་ཁ་བླངས་ནས་མཐའ་མའི་མདུན་བསྐྱོད་པ་བཅུ་དྲུག་གི་སྡེ་ཚན་ནང་དུ་ཁྲིད།
སྔོན་གྱི་གྷ་ནའི་རྒྱལ་སྤྱིའི་རྩེད་མོ་བ་ཀེ་ཝིན་-པི་རིན་སི་བྷོ་ཊེང་གིས་ཨ་ཧྤི་རི་ཀའི་རྒྱལ་ཁབ་ཚོས་འཛམ་གླིང་རྐང་རྩེད་སྤོ་ལོའི་ནང་དུ་ཁྱད་པར་ཆེན་པོ་བཟོས་ཡོད་ཀྱང་། ཡིད་ཆེས་དང་ཞི་ལྷོད། ཉམས་མྱོང་བཅས་ཀྱིས་རྩེད་འགྲན་གྱི་མདུན་བསྐྱོད་སྡེ་ཚན་ཁོངས་ཞུགས་ཐུབ་པར་ཕན་ཐོགས་ཡོད་པར་བརྗོད།
ཝན་ཁུ་ཝར་ཁེ་ན་ཌའི་ས་ཐོག་ཏུ་རྐང་སྤོལ་རྩེད་འགྲན་གྱི་སྡེ་ཚན་འགྲན་བསྡུར་མཐའ་མ་དེ་སུས་སི་དང་ཀོ་ལོམ་བྷི་ཡ་གཉིས་བྱས་ནས་ཕྱོགས་གཉིས་ཀས་སྐར་མ་ ༡༢༠ ཡི་རིང་ལ་རྒྱལ་ཁ་མེད་པར་ཐག་གཅོད་སྤོ་ལོའི་ཐོག་ཏུ་བབས་ཡོད།
ཁོ་ལོམ་བྷི་ཡ་ལ་གོ་སྐབས་བཟང་བ་ཡོད་ཀྱང་དེ་མུར་འཇུག་འབྲས་མ་ཐོབ་པ་དང་། ཕྱོགས་གཞན་དེར་སུད་སི་ལན་ཌི་ལ་ཡང་རྨས་སྐྱོན་ཕོག་པའི་ཕུལ་བྱུ་རྩེད་མོ་བ་ཇོ་ཧན་མེན་ཛམ་བི་མེད་པའི་སྟོང་ཆ་ཤུགས་ཆེར་ཚོར་ཡོད།
དེ་རྗེས་ཐག་གཅོད་སྤོ་ལོ་མཐའ་མའི་དུས་ལ་སླེབས་སྐབས་སུད་སི་ཡི་སྤོ་ལོ་སྲུང་མཁན་གྷི་རི་གྷོར་ཀོ་བྷེལ་གྱིས་འདྲ་མཚུངས་ཀྱི་སྤོ་ལོ་བླུགས་ཐེངས་གསུམ་པ་ཞུས་རྗེས་རུ་བྷེན་ཝར་གྷ་སི་ཡིས་རྒྱལ་ཁ་ཐོབ་པའི་ཐག་གཅོད་སྤོ་ལོ་མཐའ་མ་དེ་བླུགས་ནས་ ༤-༣ བྱས་ཏེ་སུད་ཛ་ལན་ཌི་ལ་ངོ་མཚར་ཅན་གྱི་རྒྱལ་ཁ་བླངས།
གྲུབ་འབྲས་འདིས་ ༡༩༥༤ ལོར་སུད་ཛར་ལན་ཌི་ཡིས་འཛམ་གླིང་རྐང་རྩེད་སྤོ་ལོའི་གོ་སྒྲིག་བྱས་པའི་རྗེས་ཐེངས་དང་པོར་མཐའ་མའི་འགྲན་རྩོད་བཞིའི་ནང་བདུན་བསྐྱོད་བྱེད་ཐུབ་པ་བྱུང་ཡོད།
རྩེད་འགྲན་ཐེངས་ ༩༦ རྗེས་ད་ཆ་ཕྱི་ལོ་ ༢༠༢༦ ལོའི་འཛམ་གླིང་རྐང་རྩེད་སྤོ་ལོའི་འགྲན་བསྡུར་གྱི་མཐའ་མའི་རུ་ཁག་བརྒྱད་མངོན་ཐོན་བྱུང་ཡོད་པ་ནི་ཧྥ་རན་སི་དང་། མོ་རོ་ཀོ་དང་། སི་པེན་དང་། བྷེལ་ཇམ་དང་། ནོར་ཝེ་དང་། ཨིང་ལན་ཌི་དང་། ཨར་ཇེན་ཊི་ན་དང་། སུད་ཛར་ལན་ཌི་བཅས་ཡིན།
རྩེད་འགྲན་གྱི་བརྒྱུད་རིམ་ནང་ད་ཆ་གཞི་ནས་རྩེ་མོ་བ་རྣམས་ལ་ངལ་གསོ་དང་རྩེད་འགྲན་མཐའ་མར་གྲ་སྒྲིག་བྱེད་རྒྱུའི་དུ་ཚོད་སྤྲད་ཡོད།
འགྲན་བསྡུར་གྱི་མཐའ་འཇུག་གི་བྱེད་སྒོ་ཁག་རེས་གཟའ་པ་སངས་ཀྱི་ཞོགས་པ་ནས་འགོ་འཛུགས་རྒྱུ་ཡིན་པ་དང་། ཐོག་མ་ཧྤ་རན་སིས་མོ་རོ་ཀོ་ལ་འགྲན་རྩེད་བྱེད་རྒྱུ་རེད། སྐབས་དེར་ཨེ་སི་བྷི་ཨེ་སི་ཨོན་ཌི་མན་ཌི་ནས་འགོ་འཛུགས་དངོས་སུ་མ་བྱས་གོང་ཆུ་ཚོད་ ༥;༣༠ ཐད་གཏོང་བྱེད་ཀྱི་ཡོད།
རྣམ་པ་ཚོས་གསན་བཞིན་པ་ནི་ཕྱི་ལོ་ ༢༠༢༦ ལོའི་འཛམ་གླིང་རྐང་རྩེད་སྤོ་ལོའི་རྩེད་འགྲན་གྱི་ཉིན་ཉི་ཤུ་རྩ་བདུན་པའི་ཉིན་རེའི་གསར་འགྱུར་གནད་བསྡུས་ཡིན། རྩེད་འགྲན་ཆེན་མོ་དེའི་སྐར་ཆ་རེ་རེའི་གནས་ཚུལ་ཆེད་ཨེ་སི་བྷི་ཨེ་སི་ཨོན་ཌི་མན་ཌི་ལ་གཟིགས་རོགས།།





