༄༅། །བོད་པ་ཡིན་ན་བོད་པ་ཡིན་པའི་ངོ་བོ་ཞིག་དགོས། Community Interview

Geshe Lhakdor, Director LTWA.jpg

ཕྱི་ལོ་ ༢༠༢༦ ཟླ་ ༢ ཚེས་ ༢༢ ཉིན་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ཁོང་མི་དགོན་པར་མེལ་བྷོན་གནས་ཡོད་བོད་མི་དང་ནང་པ་ཚོར་བཀའ་སློབ་རྩལ་བཞིན་པ། Credit: བསྟན་འཛིན་ནོར་འཛིན།

བོད་ཀྱི་རིག་གཞུང་གཅེས་འཛིན་གྱི་བྱ་བཞག་ལ་བཀའ་དྲིན་ཤིན་ཏུ་ཆེ་བའི་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དང་ཡུན་རིང་༸སྐྱབས་མགོན་ཐམས་ཅད་མཁྱེན་པའི་གསུངས་སྒྱུར་། དེང་དུས་འཛམ་གླིང་ཕྱོགས་གང་སར་མི་རིགས་སྣ་ཚོགས་ཀྱི་རྒན་གཞོན་བྱིས་གསུམ་ཀུན་ལ་བློ་སྐྱེད་བསྐྲུན་པའི་ཆ་ལ་འགྲན་ཟླ་བྲལ་བའི་དགེ་བཤེས་ལྷག་རྡོར་ལགས་ཨོ་སི་ཊེ་ལི་ཡར་མཛད་འཕྲིན་སྐྱོང་བཞིན་པའི་གོ་སྐབས་དང་བསྟུན་ནས་སྤྱི་སྒེར་ཡོང་ལ་སྨན་པའི་ལམ་སྟོན་འགའ་བཅའ་འདྲི་ཞུས་པ།


བོད་མི་ཀུན་གྱི་དཔྲལ་བའི་མིག་དང་ཁོག་པའི་སྙིང་ལྟ་བུའི་༧གོང་ས་མཆོག་དགོང་ལོ་དགུ་བཅུར་ཕེབས་པ་དང་བསྟུན་གཞུང་དམངས་གཉིས་ནས་བྱམས་བརྩེའི་ལོ་སྲུང་བརྩི་ཞུ་གི་ཡོད་པ་བཞིན། འདི་ག་ཨོ་གླིང་ལ་ཡོད་པའི་བོད་མི་ཚོའང་རྒན་གསོ་ཁང་སོགས་སྤྱི་ཚོགས་ཀྱི་ལས་རིགས་འདྲ་མིན་ཐོག་ངལ་རྩོལ་གྱི་དུས་འདའ་བའི་སྐབས་ལ་བྱམས་རྩེའི་ལོ་བརྩི་སྲུང་བྱེད་ཕྱོགས་ཐད་ལ་ཞུས་ན

༸སྐྱབས་མགོན་རིན་པོ་ཆེ་ནི་ང་ཚོ་བོད་པ་ཙམ་མིན་པ་སྤྱིར་སེམས་ཅན་ཐམས་ཅད་དང་ཡང་སྒོས་འཛམ་གླིང་གི་མི་དུང་ཕྱུར་བརྒྱད་ལྷག་ཙམ་ལ་བྱམས་བརྩེ་དང་མཐུན་སྒྲིལ་དགོས་ལུགས་སོགས་ཀྱི་ཐོག་ལ་ལམ་སྟོན་གྱིས་ཕན་ཐོགས་ཆེན་པོ་ཞེ་དྲགས་བྱུང་ཡོད། དམིགས་བསལ་ང་ཚོ་བོད་མི་ཚོ་ད་ལྟ་འཛམ་གླིང་ནང་ཕྲན་བུུའི་མགོ་བོ་བཀྱགས་ཙམ་བྱེད་རྒྱུ་ཡོད་པ་དེ་ཁོང་གི་ལམ་སྟོན་དང་འཛམ་བུ་གླིང་ལ་འབྲེལ་བ་གནང་ནས་བྱུང་བ་ཞིག་རེད། དེའི་རྐྱེན་གྱིས་བོད་པ་དང་བོད་མིའི་ཆོས་དང་རིག་གཞུང་ཟེར་བར་ཚང་མས་བརྩི་མཐོང་བྱེད་རྒྱུ་ཡོད་པ་དང་བོད་པ་ལ་སྙིང་ཉེ་བོ་དང་གང་ཐུབ་རོགས་རམ་བྱེད་མཁན་བྱུང་ཡོད། ང་ཚོ་བོད་པ་ཚོས་དེ་དག་གོ་ཚོས་པའི་ཐོག་ནས་བྱམས་བརྩེའི་ལོ་སྲུང་བརྩི་ཞུ་གི་ཡོད་རེད་ལ། འདི་ག་ཨོ་སི་ཊེ་ལི་ཡར་མཚོར་ན་ཡང་སོ་སོ་རྒན་གསོ་ཁང་དབང་པོ་སྐྱོན་ཅན་ཡོད་ས་སོགས་ལ་འཚོ་བའི་ཕྱིར་ལས་ཀ་བྱེད་ཀྱི་ཡོད་རེད་དེ། དངུལ་ཙམ་མིན་པར་ཞབས་ཕྱི་ཞུ་དུས་ཧུར་ཐག་བྱེད་ཀྱི་ཡོད་ཙང་། དེས་རང་བཞིན་གྱིས་བོད་པ་ལ་ཆེ་མཐོང་སླེབས་ཀྱི་ཡོད་རེད། དེ་ཚོ་དོན་གྱི་བྱམས་བརྩེའི་ལོ་སྲུང་བརྩི་ཞུ་བ་ཆགས་འགྲོ་གི་རེད་སྙམ།

འོན་ཀྱང་། ང་ཚོས་དུས་ཚོད་ངེས་ཅན་ཞིག་ནང་སྲུང་བརྩི་བྱས་དེ་ནས་གང་ཡང་མེད་པ་དེ་འདྲ་མ་ཡིན་པར། སོ་སོའི་མི་ཚེ་ལྷག་མ་དེའི་ནང་གལ་ཆེན་པོར་བརྩིས་ནས་ཞི་བདེ་ལྷོད་དལ་ཡོང་ཐུབ་ཡས་དེ་གལ་ཆེན་པོ་རེད། ༸སྐྱབས་མགོན་རིན་པོ་ཆེས་རྒྱུན་དུ་སྨོན་ལམ་ནང་། "ཇི་སྲིད་ནམ་མཁའ་གནས་པ་དང་།། འགྲོ་བ་དེ་སྲིད་གནས་འགྱུར་པ།། དེ་སྲིད་བདག་ནི་གནས་གྱུར་ནས།། འགྲོ་བའི་སྡུག་བསྔལ་སེལ་བར་ཤོག།"ཅེས་གསུང་པ་ལས་ལོ་གཅིག་རང་དེ་འདྲ་གསུང་གི་མེད། བྱས་ཙང་བྱམས་བརྩེ་ཟེར་བ་དེ་རང་གཞན་འཛམ་གླིང་སྤྱིའི་བདེ་སྐྱིད་ལ་ཕན་པ་ཞིག་ཡིན་པ་སོང་ཙང་། དེ་ནི་རྒྱས་སྤྲོས་མིན་པར་མེད་ན་མེད་ཐབས་མེད་པའི་དགོས་མཁོ་ཞིག་རེད། སོང་ཙང་ད་ལོ་འདི་འགོ་འཛུགས་ལྟ་བུ་བྱས་ནས་དེ་ལ་སློབ་སྦྱོང་དང་ལག་ལེན་མུ་མཐུད་བྱས་ན་རྒྱལ་བ་གྱེས་པའི་མཆོད་སྤྲིན་ཟེར་ནའང་རེད། བརྟན་བཞུགས་ཟེར་ནའང་རེད། ཉིན་རེའི་བྱ་བའི་ནང་དེ་ལྟར་བྱེད་ཐུབ་ན་དེ་བརྟན་བཞུགས་ངོ་མ་དེ་ཆགས་འགྲོ་གི་རེད།

བོད་མི་རྒན་དར་གཞོན་གསུམ་ཀུན་གྱིས་བོད་སྐད་བོད་ཡིག་སྤྱོང་སྤྱོད་དང་།ཆོས་རིག་སྲུང་སྐྱོབས་ཀྱི་མཚོན་ཡ་རབས་སྤྱོད་བཟང་གི་ལུགས་སྲོལ་བཟང་པོ་གཅེས་ཉར་དགོས་པའི་གལ་ཆེའི་རང་བཞིན་སྐོར་ལ་ཞུས་ན།

སྤྱིར་མི་ཙམ་མིན་པ་སེམས་ཅན་དང་ཕྱི་དངོས་ཚང་མར་རང་རང་གི་ངོ་བོ་ཞིག་ཡོད། དཔེ་ཆ་ནས་

"གང་ཕྱིར་དངོས་ཀུན་རང་བཞིན་གྱི།།
རང་རང་ངོ་བོ་ལ་གནས་ཕྱིར།།
མཐུན་དངོས་གཞན་གྱི་དངོས་དག་ལ།།
ལྡོག་པ་ལ་ནི་གནས་པར་བྱ།།"

ཞེས་གསུངས་པ་ལྟར། སོ་སོ་མ་ཡིན་པའི་དངོས་པོ་གྲངས་ལས་འདས་པ་ཞིག་ཡོད་པ་དེ་དག་གང་ཞིག་རྟ་མ་ཡིན་པ་ལ་རྟ་ལས་ལོག་པ་ཞིག་དང་ཁྱི་མ་ཡིན་པ་པར་ཁྱི་ལས་ལོག་པ་ཞིག་ཡོད། དེ་སྤྱིར་བཏང་གི་ངོ་བོའི་གྲུབ་ཚུལ་རེད། ང་ཚོར་སྐབས་སུ་བབས་པ་ཅོག་རྩེ་མ་ཡིན་པ་ལ་རེད་ཟེར་མཁན་ཡོད་མ་རེད། གཙོ་བོ་དེ་ང་ཚོ་རྒྱ་མི་མ་ཡིན་པའི་ངོ་བོ་དེ་བསྒྲུབ་དགོས་ཀྱི་རེད། དེ་ཐ་དད་ཡིན་པ་དེ་ཁོང་ཚོའི་སྐད་བརྒྱབ་ན་ངས་ཚིག་གཅིག་གོ་གི་མ་རེད། ང་ཚོས་བོད་སྐད་རྒྱག་གི་ཡོད། དམིགས་བསལ་ཐུན་མོང་མ་ཡིན་པའི་ངོ་བོ་ཟེར་ན་འཛམ་གླིང་ནང་སྐད་རིགས་ཕལ་ཆེར་བདུན་སྟོང་ཙམ་ཞིག་ཡོད། དེའི་ནང་ནས་ཆ་ཚང་བའི་ཡི་གེ་དང་བརྡ་སྤྲོད་ཡོད་པ་ཕལ་ཆེར་མང་པོ་ཡོད་མ་རེད།

བྱས་ཙང་དཔེར་ན་ང་ཚོར་རྩ་ཆེ་བའི་བཀའ་འགྱུར་པོད་བརྒྱ་དང་བརྒྱད། བསྟན་འགྱུར་པོད་ཉི་བརྒྱ་རྩ་ལྔ་ལ་སོགས་བོད་ཀྱི་མཁས་པ་ཚོས་རྩོམ་འགྱུར་གནང་བའི་བསྟན་བཅོས་དེ་དག་གི་ནང་དོན་ཤེས་པ་ལ་བོད་ཡིག་ཤེས་དགོས་ཀྱི་ཡོད། སྐད་དང་ཡི་གེ་ཤེས་ཀྱི་མེད་ན་དེ་དག་ཡོངས་རྫོགས་དོན་བྱེད་ནུས་སྟོང་ཆགས་འགྲོ་གི་རེད། སྤྱིར་དམར་ཤོག་དང་དེ་བས་རྒྱ་གུང་ཁྲན་ཏང་གིས་མི་རིགས་ཤིག་རྩ་མེད་བཟོ་དགོས་ན། སྐད་དང་ཡི་གེ་མེད་པ་བཟོ་དགོས་ཟེར་བཞིན་ཉིན་མཚན་ལྟོས་མེད་དེའི་ཐོག་ལ་འབད་བརྩོན་བྱེད་ཀྱི་ཡོད་རེད་ལ། དོན་ལ་ཡང་ད་ཆ་བོད་པ་གཞོན་སྐྱེས་མང་པོ་ཞིག་ཀྱང་རྒྱ་སྐད་ལས་བོད་ཡིག་བོད་སྐད་ཚིག་གཅིག་མི་ཤེས་མཁན་ཆགས་ཚར་ཡོད། འགྱུར་བ་དེ་ཉི་མ་ཉི་མར་འགྲོ་བཞིན་ཡོད་པ་རེད།

ང་ཚོ་ཕྱི་རྒྱལ་ལ་ཡོད་པའི་བོད་པ་ཚོ་ཡིན་ན་ཡང་བདུན་གཅིག་གི་ཉིན་ལྔ་ཡུལ་གཞན་གྱི་སྐད་སྤྱོད་ཡོད་རེད། གཟའ་འཇུག་སློབ་གྲྭ་ཞེས་མེད་པ་ལས་དྲག་ཙམ་ཞིག་ཡོད་ཀྱང་དེས་གང་ཡང་ནམ་འཕང་གཅོད་ཐུབ་ཡས་མེད། བོད་ཀྱི་སྐད་དང་རིག་གཞུང་སྲུང་སྐྱོབ་བྱེད་པ་ལ་དེ་ལས་རྒྱ་ཆེ་བ་དང་གཏིང་ཟབ་པའི་རང་བཞིན་ངོ་འཕྲོད་པའི་ཐོག་ནས་ཆེད་སྦྱོང་བྱས་ནས་དེ་དག་ལ་ཕུལ་དུ་བྱུང་བའི་མི་རྒན་པ་ཚོ་བཙལ་ནས་རྣམ་བཞག་དང་འགྲོ་སྟངས་རྣམས་ཀྱི་ལུང་དང་མན་ངག་ཁྲིད་སོགས་གང་ཐུབ་པ་རྣམས་ཞུས་ནས་ལོ་རེ་བཞིན་གཏིང་ཟབ་པའི་ཤེས་ཚད་ཡོད་མཁན་གྱི་མཁས་པ་ལོ་ལྟར་རེ་བཞིན་ཐོན་ཡོང་མཁན་བྱུང་ན། ང་ཚོའི་སྐད་ཡིག་དེ་འཛིན་སྐྱོང་བྱེད་ཐུབ་ཀྱི་རེད།

དེ་མིན་ང་ཚོ་བོད་པའི་སྐད་དང་ཡི་གེ་སློབ་ཀྱི་ཡོད་ཟེར་ན། མེད་པ་ལས་དྲག་གི་རེད་མ་གཏོགས་དེ་ཙམ་ཞིག་བྱས་ནས་འགྲིག་གི་མ་རེད། ལྷག་པར་དུ་ང་ཚོ་ཕྱི་རྒྱལ་ལ་ཡོད་པ་ཚོས་ཕྲུ་གུ་ལ་བོད་ཡིག་སློབ་ཀྱི་ཡོད་ཅེས་དེ་ཙམ་ཐོག་བཞག་སྟེ་རྒྱུན་གཏན་བཞིན་བྱས་རུང་། ཕྲུ་གུ་རྣམས་ཉིན་ལྔ་སྔོན་ནས་འཛིན་གྲྭར་ཕྱིན་ཚར་བ་ཡིན་ཙང་རིག་པ་བསྒྲིམས་ནས་གསར་གཏོད་རང་བཞིན་ཐོག་ནས་བོད་པའི་སྐད་ཡིག་སྦྱོང་རྒྱུ་དང་། རིག་གཞུང་སྦྱོང་རྒྱུ། བོད་པ་ཡོད་སར་མཉམ་རུབ་ཀྱིས་འཛོམས་རྒྱུ་སོགས་ལ་རང་བཞིན་གྱིས་དགའ་པོ་ཡོང་ཡས་ཀྱི་མཐུན་རྐྱེན་སྣ་ཚོགས་ཤིག་བསྐྲུན་དགོས། དེ་འདྲའི་དམིགས་བསལ་ཞིག་བྱེད་མ་ཐུབ་ན། ལྷག་པར་དུ་མིའི་ལུང་པར་ང་ཚོ་བོད་མི་ཚོའི་གྲངས་འབོར་ཉུང་ཉུང་རེད། དེ་བས་ཁ་ཐོར་ནས་གནས་ཡོད་དུས་ཧ་ཅང་ཉེན་ཁ་ཆེན་པོ་ཞེ་དྲགས་རེད། དེ་འདྲ་བྱེད་ཐུབ་ན་ང་ཚོ་ལ་རྒྱ་མིས་མ་དྲང་བ་དང་བདེན་པ་མིན་པའི་བརྙས་གཙེར་བྱེད་བཞིན་ཡོད་པ་དེ་ལ་ཁ་གཏད་གཅོག་ཐུབ་ཀྱི་རེད། མ་ཐུབ་ན་ནི་གསུམ་བཅུའི་དུས་དྲན་ལྟ་བུ་ཞིག་ལ་ "བོད་རང་བཙན་གཙང་མ་ཡིན། རྒྱ་མི་བོད་ནས་ཕར་རྒྱུག་ཅིག་" ཟེར་བས་དེ་ཙམ་ཕན་ཐོགས་ཀྱི་རེད་བསམ་གྱི་མི་འདུག བྱས་ཙང་དུས་རྒྱུན་དུ་སྙིང་ལ་རུས་པ་བཅུག་ནས་འབད་བརྩོན་བྱེད་དགོས།

དམིགས་བསལ་བོད་ཀྱི་རིག་གཞུང་སྲུང་སྐྱོབ་དང་།བོད་ཕྱི་ནང་གཉིས་ཀྱི་བདེ་རྩར་ཕན་པའི་ལས་དོན་ལ་ཉམས་ཞུགས་ཇི་ལྟར་བྱེད་དགོས་པའི་སྐོར་ལ་གོང་ལ་བཤད་པ་ལྟར་གཙོ་བོ་བོད་ཀྱི་རིག་གཞུང་གི་རིན་ཐང་དེ་ཤེས་དགོས་ཀྱི་ཡོད། ཅ་ལག་གཅིག་དང་མཚུངས་པར་དེའི་རིན་ཐང་ཤེས་ན་བདག་པོ་རྒྱག་གི་རེད་པ།

གཞན་ང་ཚོ་ཕྱིའི་རྒྱལ་ཁྱབ་ལ་ཡོད་པ་ཚོར་ལྟོ་གོས་ཀྱི་ཆེད་དུ་སྐད་ཡིག་གཞན་པ་ལས་བོད་སྐད་ཀྱིས་ཕན་ཐོགས་ཀྱི་མེད་བསམ་པ་ཡོད་ན་ཐབས་སྐྱོ་པོ་ཞེ་དྲག་རེད། བསམ་བློ་དེ་འདྲ་གཏོང་མཁན་ཚོས་རང་གི་སྐད་དང་རིག་གཞུང་ལ་ཞེན་ཁོག་སྤུ་ཙམ་མེད་པ་སྟོན་གྱི་ཡོད། གཉིས་ནས་རང་གི་བུ་ཕྲུག་རྣམས་ལ་འཇོག་རྒྱུ་གང་ཡང་མེད་པར་འགྱུར་རྒྱུ་རེད། ངས་རྒྱུན་གཏན་ང་ཚོ་བོད་མི་རྒན་པ་ཚོས་གཞོན་པ་ཚོ་དེང་དུས་ཤེས་ཡོན་དང་རང་གི་རིག་གཞུང་གཉིས་ཀའི་ཐད་ལ་གཞན་ལ་མཉམ་སྡུར་ཆོག་པ་ཞིག་བཟོ་དགོས་རེད་ཅེས་བརྗོད་ཀྱི་ཡོད། དེ་ནས་ཐར་པ་དང་རང་བཙན་གཙང་མ་སོགས་ཀྱི་ཐོག་ལ་བསམ་བློ་གཏོང་ཆོག་གི་རེད། དེ་འདྲའི་དམིགས་ཡུལ་བསྒྲུབ་པ་ལ། སོ་སོའི་བུ་ཕྲུག་ཚོ་རང་གི་ཆོས་དང་རིག་གཞུང་སྐོར་གང་ཡང་མི་ཤེས་མཁན་གྱི་ཕྱི་རྒྱལ་བ་ལྟ་བུ་ཞིག་བཟོས་བཞག་ན་འགྲིག་གམ་མི་འགྲིག དེང་སང་ཕྱི་རྒྱལ་བ་མང་པོས་སེམས་ཁམས་ཀྱི་ན་ཚ་དང་། ཁེར་རྐྱང་གི་འཚོ་བ། རང་མཐོང་ཆུང་བའི་དཀའ་ངལ་སོགསདཀའ་ངལ་སྣ་ཚོགས་ཞིག་གི་ཆེད་དུ་བོད་ཀྱི་ཆོས་དང་རིག་གཞུང་ལ་མཁས་པ་༸སྐྱབས་མགོན་རིན་པོ་ཆེ་གཙོས་པའི་བླ་མ་མང་པོ་ཞིག་ལ་དཀའ་ལས་བརྒྱབ་ནས་བསྟེན་གྱི་ཡོད་པ་དེ་ཕན་ཐོགས་ཡོད་པའི་རྒྱུ་མཚན་གྱིས་རེད་བ། དངུལ་རྐྱང་རྐྱང་བཟོས་ནས་ཁང་པ་གྲང་མོོ་ཞིག་གི་ནང་བསྡད་ཙམ་གྱིས་འགྲིག་གི་ཡོད་ན་ཁོང་ཚོ་སྤྱང་པོ་ཡིན་པས་འདིར་ཡོང་གི་མ་རེད། འོན་ཀྱང་ད་དུང་དེ་བས་དོ་སྣང་ཆེ་རུ་འགྲོ་བཞིན་ཡོད་པ་དང་།༧སྐྱབས་མགོན་རིན་པོ་ཆེ་ལ་ཞི་བདེའི་གཟིངས་རྟགས་ཕུལ་བ་རེད།

དེ་ཚོའི་ཐོག་ནས་ང་ཚོས་ཧ་གོ་བར་བྱས་ནས་མིའི་རང་བཞིན་ཁོ་རང་ལུས་དང་སེམས་ཀྱི་བདེ་སྐྱིད་དགོས་ཀྱི་ཡོད་པ་བསྟན་གྱི་ཡོད། ཕྱི་དངོས་པོའི་ཆ་ནས་ལུས་ཀྱི་བདེ་སྐྱིད་གང་ཙམ་ཐོབ་རྒྱུ་ཡོད་ཀྱང་། ནང་སེམས་ཀྱི་ཞི་བདེ་དེ་བསམ་བློའི་ལྟ་སྟངས་ཆ་ཚང་ཞིག་གཞི་དངོས་པོའི་གནས་ལུགས་དང་མཐུན་པ་ཞིག་བཟོས་ནས་འགྲོ་སྟངས་ཤིག་མ་ཤེས་ན་བདེ་སྐྱིད་ཐོབ་ཡས་ཁག་པོ་ཞེ་དྲགས་རེད། དེ་ཡིན་དུས་དོན་ན་ཡང་བོད་པའི་རིག་གཞུང་གི་གལ་གནད་ཤེས་པའི་སྒོ་ནས་དེང་དུས་ལ་དགོས་པ་དང་། འོས་པ་དང་། རན་པ་དང་། འཚམ་པ་དེ་འདྲ་ཞིག་ཤེས་པའི་ཐོག་ནས་སྲུང་སྐྱོབ་བྱེད་དགོས་རེད་མ་གཏོགས། གཞན་"དེ་གཙང་མ་རེད། ངའི་ཨ་མའི་ཕོར་པ་རེད་ཟེར་"བ་དེ་འདྲ་ངས་ཟེར་གྱི་མེད།

ཨོ་གླིང་འདི་བཞིན་མི་རིགས་སྣ་འདུས་ཀྱི་སྤྱི་ཚོགས་ཤིག་ཡིན་ན་ཡང་།བོད་མི་ནང་ཁུལ་མཐུན་ལམ་རྡོག་རྩ་ཆིག་སྒྲིལ་དགོས་པའི་གལ་གནད་སྐོར་ལ་ཞུས་ན།

ང་ཚོར་སྒྲུང་ཞིག་ཡོད། ནང་གི་པ་ལགས་ཤིག་གིས་འཆི་ཁར་ཕྲུ་གུ་ཚོར་རྒྱུག་པ་རེ་རེ་སྤྲད་ནས་དེ་ཚོ་གཅོག་ཟེར་བར་ཚང་མས་ལས་སླ་པོར་བཅག་པ་རེད། དེ་ནས་རྒྱུག་པ་མ་ཚང་མ་ཕྱོགས་གཅིག་ཏུ་བསྡུས་ནས་བཅག་ཏུ་བཅུག་པར་སུས་ཀྱང་གཅོག་མ་ཐུབ་པ་རེད། དེ་ནས་པ་ལགས་དེས་ཁྱོད་ཚོ་མཐུན་པོ་བྱས་ནས་བསྡད་ནས་སུས་ཀྱང་བརྙས་བཅོས་དང་ཁ་ཐོར་གཏོང་མི་ཐུབ། དེ་བས་སོ་སོ་གྱར་ནས་ཕྱིན་ན་ལས་པོར་ཁ་བྲལ་འགྲོ་གི་རེད་ཟེར་བའི་སྒྲུང་དེ་ནང་བཞིན་རེད།

ང་ཚོ་བོད་པ་ཙམ་མ་ཟད་མི་ཚང་མའི་སྐྱོན་དེ་སོ་སོར་ཟ་རྒྱུ་འཐུང་རྒྱུ་དང་། རྒྱུ་དཔལ་འབྱོར་། རླངས་འཁོར་སོགས་ཡོད་པ་ཆགས་ན། གང་ཙམ་སླེབས་སོང་བསམས་ནས་གཞན་ལ་བསྟུན་དགོས་མེད་ཟེར་ནས་བོད་པའི་སྤྱི་ཚོགས་དང་ཐག་རིང་དུ་ཁ་བྲལ་ནས་འགྲོ་མཁན་དང་། ཁ་ཤས་དེ་ལས་ཀྱང་སྡུག་ཙམ་བྱས་ནས་ཁ་དེ་ཚུར་བསྐོར་ནས་སོ་སོའི་ལུང་པ་ནས་མཐར་བསྐྲོད་མཁན་རྒྱ་མི་ལ་ཁ་གཏད་ཀྱི་ཡི་གེ་འབྲུ་གཅིག་འབྲི་མི་ཐུབ་པ་དང་སྐད་ཆ་ཚིག་གཅིག་ཀྱང་ཤོད་མི་ཐུབ་མཁན། དེ་ལས་ལྡོག་ཏེ་སོ་སོའི་མི་རིགས་ལ་སྐྱོན་བརྗོད་བྱེད་དུས་ཡི་གེ་དང་སྐད་ཆ་ཧ་ལས་པ་ཤོད་ཐུབ་མཁན་དེ་འདྲ་ཡོད།

ང་རང་ཚོ་དང་པོ་མདོ་དབུས་ཁམས་གསུམ་དང་ཆོས་བརྒྱུད་གང་ཡིན་རུང་བོད་པ་རེད་ཟེར་བ་དེ་དགོས་ཀྱི་ཡོད། དེ་མིན་ཐོག་མ་ནས་ཆོལ་ཁ་དེ་རེད་འདུག་ཟེར་བ་དེ་འདྲ་བཤད་ན་དབྱེ་འབྱེད་ཀྱི་སྐད་ཆ་བཤད་ཚར་བ་རེད། དེ་ཡག་པོ་མ་རེད། ཏོག་ཙམ་མ་འདྲ་མ་འདྲ་རེད། ཚང་མ་སངས་རྒྱས་ནི་མ་རེད། ངར་ཡོང་མཁན་འགའ་ཡོང་གི་རེད་དེ། དེ་དགྲ་ལྟ་བུར་མ་བརྩིས་པར་དལ་པོར་འབྲེལ་བ་བྱས་ནས་མཉམ་དུ་ཡོང་རྒྱུའི་ཐབས་ཤེས་བྱས་པ་མ་གཏོགས། དམིགས་བསལ་གྱི་རྒྱ་མིའི་ཕོགས་ཟ་མཁན་དེ་འདྲ་ཡིན་ན་ཐ་དད་རེད། གཞན་ག་ལེར་ཚུར་འཁོར་ཡོང་གི་རེད། དེ་ཧ་ཅང་གལ་པོ་རེད། གནད་དོན་ཆུང་ཆུང་ཞིག་གི་ཐོག་ན་ཁོ་སྡུག་ཅག་རེད་ཟེར་ནས་ཕྱིར་བསྐྲད་ན་འགྲིག་གི་མ་རེད།

ངས་ཨོ་སི་ཊེ་ལི་ཡའི་བོད་པ་ཚོ་ལ་འཆམ་མཐུན་དགོས་ན་གཞན་གང་ལ་ལྟ་མ་ཐུབ་ན་ཡང་༸སྐུ་མདུན་གྱི་གསུང་གཅིག་པོ་ལ་ཉོན་ཟེར་གྱིས་ཡོད།

ཁོང་གིས་ཆོལ་ཁ་གསུམ་སྐྱིད་ན་སྐྱིད་མཉམ། སྡུག་ན་མཉམ་སྡུག་ཡིན་གསུང་གི་ཡོད། དེ་ལ་སོགས་ཀྱི་བཀའ་སློབ་དུ་མ་ཡོད་པ་དེ་དག་ལག་ལེན་བསྟར་ན་ཕན་ཐོགས་ཆེན་པོ་ཡོད་རེད། བསྟན་བཞུགས་མང་པོ་འབུལ་གྱི་ཡོད་ཙང་། ཁོང་གི་བཀའ་ལ་ཉན་དགོས་ན་དེ་དག་ལག་བསྟར་བྱེད་དགོས་རེད། མི་མང་པོ་ཞིག་གིས་མ་ཤེས་པ་དང་། ཡང་འགའ་ཞིག་སྤྱོད་པ་ངན་པོ་དེ་འདྲ་ཡོད་ངེས། ཚང་མ་སོ་སོའི་འདོད་པ་དང་མཐུན་པ་བཞིན་ལས་ཀ་བྱེད་ཀྱི་མ་རེད། འོན་ཀྱང་ང་ཚོས་སྐད་ཆ་བཤད་ནས་ནམ་རྒྱུན་མི་དང་མིའི་བྱ་སྤྱོད་ལ་དབྱེ་བ་ཕྱེ་ནས་ཁྱོད་རང་སྡུག་ཅག་མ་རེད་སྤྱོད་པ་དེ་ནོར་བ་རེད་ཟེར་བ་བཞིན་སྐད་ཆ་བཤད་ནས་གོ་བརྡ་སྤྲོད་རྒྱུ་ཡོད་པ་དེས་གོ་སྐབས་ཤིག་སྤྲོད་ཀྱི་རེད། དེ་མིན་མི་དེ་སྤྱི་ཚོགས་ནས་ཕར་བསྐྲད་བཞག་ན་མི་ནི་མི་རང་རེད། དེ་ལྟར་བྱས་ན་སྡུག་ཏུ་འགྲོ་རྒྱུ་ལས་མེད།

སྤྱིར་བཏང་མི་ཟེར་བ་དེ་འདོད་རྔམ་ཆེན་པོ་ཡིན་ཙང་། འདོད་དོན་དེ་བསྒྲུབ་རྒྱུའི་ཆེད་དུ་མ་འགྲིག་པ་ཕྲན་བུ་བྱུང་ན་ལྟ་བ་མ་མཐུན་པར་གྱུར་ནས་འགྲན་རྩོད་ཀྱིས་དམའ་འབེབས་བྱེད་རྒྱུ་དང་དབང་ཆ་བསྡུས་ནས་དབང་བསྒྱུར་རྒྱུ་སོགས་རང་བཞིན་ལ་ཡོད་དུས། མཐར་དེད་ན་སྐྱོན་གང་ཡོད་སློབ་སྦྱོང་ཏོག་ཙམ་བྱེད་ཐུབ་ན་ཡག་པོ་ཡོང་གི་རེད། ང་ཚོས་ཆོས་སོགས་ཀྱི་སྐོར་མི་བཤད་པར་མི་ཞིག་ཡིན་པའི་ཆ་ནས་མིའི་ཁྱད་ཆོས་དེ་སྐད་ཆ་བཤད་རྒྱུ་ཡོད་པ་དེ་རེད། དེ་ཡང་ཇ་འཁྱེར་ཆུ་འཁྱེར་ཟེར་བ་ཙམ་མིན་པར་ནང་ཁུལ་ཡིན་ནའང་རེད། ཁྱིམ་ཚང་ཡིན་ནའང་མ་འཆམ་པ་བྱུང་ན་ལུས་པོ་བེད་སྤྱོད་མ་བྱས་གོང་མཉམ་དུ་བསྡད་དེ་སྐད་ཆ་བཤད་རྒྱུ་ཡོད། ཏོག་ཙམ་མ་འགྲིག་ན་དཔའ་ངོམ་རྒྱུ་དང་འཛིང་རེས་བྱེད་ཀྱི་ཟེར་བ་ནི་སེམས་ཅན་དུད་འགྲོའི་བྱེད་སྟངས་རེད། སྟག་དང་གཟིག་ལ་སོགས་པར་སྐད་ཆ་བཤད་རྒྱུ་ཞིག་མེད། མིས་སེམས་ཅན་གྱི་བྱེད་སྟངས་བྱས་ན་མི་འགྲིག ཀླད་པ་དང་སྐད་ཡིག

རྣམ་དཔྱོད་བེད་སྤྱོད་བྱས་ནས་རང་གཞན་གཉིས་ཀར་འཕྲལ་ཕུགས་གང་ལ་ཡང་ཕན་དང་མི་ཕན་བསམ་བློ་ཡག་པོ་བཏང་སྟེ། མིས་དཀྲུག་ཤིང་བརྒྱབ་པ་དེ་ཚོ་ཁོ་ནར་ཉན་ནས་མི་འགྲོ་བ་དེ་གལ་ཆེན་པོ་རེད་དྲན་གྱི་འདུག།།།།


Share

Download our apps

Watch on SBS

SBS World News

Take a global view with Australia's most comprehensive world news service

Watch now