ནང་དོན།
ལོ་གཉིས་ཀྱི་སྔོན་ལ་པེ་ཊར་བྷ་རའོན་ལ་མཁལ་མའི་ནད་གཞི་ཕོག་ཡོད་པའི་ངོས་འཛིན་བྱུང་ཡོད། ཁོང་ལ་མཚོན་ན་སྨན་བཅོས་ཀྱི་བྱ་རིམ་དེ་ཧ་ཅང་གི་དཀའ་ངལ་ཆེ་བ་ཞིག་བྱུང་ཡོད།
[["ནད་པ་ཆགས་ནས་གང་ཡང་བྱ་མི་ཐུབ་པའི་ཚོར་སྣང་དེ་ཧ་ཅང་གི་ཐབས་སྐྱོ་པོ་དང་ངལ་དུབ་ཅན་ཞིག་རེད། སྨན་པས་ང་ལ་ཕལ་ཆེར་ཁྱེད་རང་མཁལ་ཚབ་སྤྱོད་དགོས་པར་འགྱུར་སྲིད་པའི་བསམ་ཚུལ་བཏོན་པ་དེ་ནི་འཇིགས་སྣང་སྐྱེད་དགོས་པ་ཞིག་རེད།"]
དེ་ནས་བཟུང་སྐུ་ཞབས་བྷ་རའོན་གྱིས་ཁོང་གི་གནས་སྟངས་ཡར་རྒྱས་གཏོང་ཆེད་སྨན་ལ་བརྟེན་ནས་བསྡད་ཡོད།
གཞུང་གིས་སྨན་རྫས་ཀྱི་ཁེ་ཕན་ལས་འཆར་ནང་མཁལ་མའི་ནད་ཀྱི་སྨན་རྫས་ཤིག་འཇུག་རྒྱུ་ཡིན་པའི་ཁྱབ་བསྒྲགས་བྱས་པ་ལྟར་ན། ཁོང་གི་སྨན་རྫས་ཀྱི་རིན་གོང་དམའ་རུ་འགྲོ་སྲིད་པ་དེས་ཁོང་ལ་དགའ་ཚོར་ཆེན་པོ་བྱུང་ཡོད།
ཇར་ཌི་ཡན་སི་ནི་མཁལ་ནད་ཀྱི་གནོད་སྐྱོན་དལ་དུ་གཏོང་བ་དང་། མཁལ་མའི་བྱེད་ལས་རྒྱུན་རིང་བར་སྲུང་སྐྱོབ་བྱེད་པའི་སྨན་རྫས་ཤིག་ཡིན། ཁོང་ནི་ཕྱེད་ཆག་ཤོག་བྱང་ཐོག་མཁན་ཞིག་ཡིན་པའི་ཆ་ནས་ད་ཆ་ཁོང་ལ་སྨན་དེ་ཉོ་བར་སྒོར་༧.༧༠ ལས་སྤྲོད་མི་དགོས།
གནད་དོན་དེས་ཁྱད་པར་ཆེན་པོ་བཟོ་ངེས་རེད། སྒོར་ ༧.༧༠ དེ་ཟླ་བ་ ༡༢ ལ་རྩིས་བརྒྱབ་ན་ཁྱད་པར་ཆེན་པོ་འགྲོ་གི་རེད།
ཕྱེད་ཕྱག་ཤོག་བྱང་མེད་པའི་ནད་པ་འོས་འཚམ་ལ་སྨན་རིན་སྒོར་ ༣༡.༦༠ ལས་མི་དགོས་པ་དང་།
དེ་བཞིན་སང་ལོའི་ཟླ་དང་པོའི་ཚེས་གཅིག་ནས་བཟུང་རིན་གོང་དེ་བས་དམའ་རུ་ཕྱིན་ནས་སྒོར་ ༢༥ ལ་མར་ཕབ་རྒྱུ་རེད།
དབུས་འཕྲོད་བསྟེན་བློན་ཆེན་མག་བྷཊ་ལར་གྱིས་ཇར་ཌི་ཡན་སི་ནི་ཨོ་སི་ཁྲུ་ལི་ཡའི་མི་མང་པོའི་མི་ཚེར་འགྱུར་བ་གཏོང་ཐུབ་པའི་སྨན་རྫས་ཤིག་ཡིན་ཞེས་བརྗོད་ཡོད།
[["ན་ནིང་ང་ཚོས་མཁལ་ནད་བྱེ་བྲག་གཅིག་གིས་མནར་བའི་ཨོ་སི་ཁྲུ་ལི་ཡའི་མི་མང་ཚད་ཅན་ཞིག་ལ་ཇར་ཌི་ཡན་འཐོབ་རྒྱུར་ཐོ་འགོད་བྱས་ཡོད། འོན་ཀྱང་རེས་གཟའ་སྤེན་པ་ནས་བཟུང་མཁལ་མའི་ནད་ཡོད་པའི་ཨོ་སི་ཁྲུ་ལི་ཡའི་མི་གྲངས་༧༠༠༠༠ ལ་མི་ཚེ་བཅོས་འགྱུར་ཐུབ་པའི་སྨན་འདི་འཐོབ་ཐུབ་པར་སྙམ།]]
ཕྱི་ལོ་ ༢༠༢༡ ལོའི་མི་འབོར་ཞིབ་བཤེར་ལྟར་ན། ཨོ་སི་ཁྲུ་ལི་ཡའི་མི་འབོར་གྱི་བརྒྱ་ཆ་གཅིག་ཙམ་ལ་མཁལ་ནད་ཡོད་པ་དང་། ལོ་༧༥ དང་དེ་ཡན་གྱི་མི་ཉི་ཤུ་རེའི་ནང་ནས་གཅིག་ལ་མཁལ་ནད་ཕོག་པར་ངོས་འཛིན་བྱུང་ཡོད་པ་རེད།
སྐུ་ཞབས་བྷཊ་ལར་གྱིས་ཨོ་སི་ཁྲུ་ལི་ཡའི་ནང་མཁལ་མའི་ནད་དེ་ལྐོག་གྱུར་གྱི་ནད་ཡམས་ཤིག་ཡིན་པར་བརྗོད་ཡོད།
ང་ཚོས་ཨོ་སི་ཁྲུ་ལི་ཡའི་མི་ས་ཡ་གཉིས་དང་ཕྱེད་ཀ་ལྷག་ཙམ་ལ་མཁལ་ནད་ཡོད་པར་ཚོད་དཔག་བྱེད་ཀྱི་ཡོད་ཀྱང་། ཁོང་ཚོའི་བརྒྱ་ཆ་བཅུ་ཙམ་གྱིས་མ་གཏོགས་རང་ཉིད་ལ་མཁལ་ནད་ཡོད་པ་ཤེས་ཀྱི་མེད། རྒྱུ་མཚན་ནི་མཁལ་ནད་ཀྱི་ནད་རྟགས་དེ་མཁལ་མའི་བྱེད་ལས་བརྒྱ་ཆ་དགུ་བཅུ་ཙམ་ཉམས་རྒུད་དུ་ཕྱིན་རྗེས་མ་གཏོགས་མངོན་གྱི་མེད།
མཁལ་ནད་ཀྱི་འཕྲོད་བསྟེན་ལྷན་ཚོགས་ཀྱི་ཚོགས་གཙོ་པོ་རོ་ཕེ་སར་ཀེ་རོལ་པོལ་ལོག་གིས་ཀྱང་ནད་རྟགས་མེད་པའི་མཁལ་ནད་བརྟག་དཔྱད་བྱེད་རྒྱུ་གལ་ཆེན་པོ་ཡིན་པར་ནན་བཤད་བྱས་ཡོད།
མཁལ་ནད་བརྟག་དཔྱད་བྱེད་པར་ཁྲག་བརྟག་དཔྱད་དང་། ཁྲག་ཤེད་བརྟག་དཔྱད། གཅིན་པ་བརྟག་དཔྱད་བཅས་གསུམ་ཀ་བྱེད་དགོས་པ་ཧ་ཅང་གལ་ཆེན་པོ་ཡིན་པར་བརྗོད་ཡོད། མི་མང་པོས་བརྟག་དཔྱད་འདི་དག་བྱེད་ཀྱི་ཡོད་ཀྱང་ཚང་མ་མཉམ་དུ་བྱེད་ཀྱི་མེད། དེར་བརྟེན་མཁལ་ནད་ཀྱི་ཉེན་ཁ་དང་དེ་ལ་འོས་འཚམ་གྱི་སྨན་བཅོས་བྱེད་ཐུབ་པའི་ཆེད་དུ་བརྟག་དཔྱད་འདི་དག་ཚང་མ་བྱེད་དགོས་པར་བརྗོད་ཡོད།། །།





