གཞིས་སྤོ་བའི་དྲང་སྙོམས་ཚོགས་པའི་གཞི་རྒྱ་ཆེ་བའི་ཞིབ་འཇུག་གསར་པ་ཞིག་གིས་ཨོ་སི་ཊེ་ལི་ཡའི་ནང་གཞིས་སྤོས་ལས་མིར་བཤུ་གཞོག་དང་། གླ་ཆ་ཚུལ་མཐུན་མི་སྤྲོད་པ། ལས་ཀའི་གནས་བབ་བརྟན་པོ་མེད་པ་སོགས་དཔལ་འབྱོར་གྱི་ཁྱབ་ཁོངས་ཁག་གང་སར་འཕེལ་བཞིན་ཡོད་པའི་ཉེན་བརྡ་བཏང་ཡོད།།
གཞིས་སྤོས་ལས་མི་གཞོན་ནུ་མ་ཞིག་གིས་ཁེན་བྷེ་རའི་ཇ་ཁང་ཞིག་ཏུ་ཟླ་བ་མང་པོའི་རིང་ལས་ཀ་བྱེད་སྐབས་གླ་ཆ་མ་རག་པ་དང་ལས་ཀའི་སྲུང་སྐྱོབ་ཀྱི་རྨང་གཞི་མེད་པ་བཅས་བརྗོད་ཡོད།
ཁྲིམས་ཁང་གི་ཡིག་ཆའི་ནང་ཁོ་མོས་ལས་ཀའི་དུས་ཚོད་ཕྱི་པོ་མཇུག་སྒྲིལ་རྗེས་སྦྱིན་བདག་གིས་ཐབ་ཚང་ནང་མོ་ལ་ཟུར་དུ་དཀར་ནས་བརྙས་བ་གཙེར་བྱས་པར་ཁོ་མོ་འཇིགས་སྣང་གིས་དེ་མུར་ཧྲེང་ནས་ལྷག་འདུག གལ་ཏེ་ཁོ་མོས་ངོ་རྒོལ་བྱས་ན་གནས་སྟངས་སྡུག་ཏུ་འགྲོ་རྒྱུ་རེད་བསམ་སོང་ཞེས་བཀོད་ཡོད།
ཕྱིས་སུ་ཁོ་མོས་ཁྲིམས་གཏུགས་བྱེད་སྐབས། འགན་འཛིན་དེས་ཉེས་འཛུགས་དེ་དག་ལ་ངོས་ལེན་མ་བྱས་པ་དང་། ཁྲིམས་གཏུགས་ཀྱི་འགྲོ་གྲོན་ཁ་གསབ་དགོས་རྒྱུའི་འཇིགས་སྐུལ་བྱས་ནས་ཉན་ཞིབ་ཀྱི་སྔོན་དུ་ཚོང་ལས་མཚམས་འཇོག་བྱས་ཡོད།
ཕྱིས་སུ་ཁྲིམས་ཁང་ནས་ཟ་ཁང་གི་སྦྱིན་བདག་དེས་ད་དུང་ཁོ་མོར་རྒས་ཡོལ་འཐོབ་ཆ་སྤྲད་པའི་བྱུང་འཛིན་རྫུན་མ་ཡང་སྤྲད་ཡོད་པ་ཤེས་རྟོགས་བྱུང་ཡོད་པ་རེད། འཆལ་སྤྱོད་སྤེལ་བ་དང་གླ་ཆ་གྱོང་གུན་བཏང་བ་། དེ་བཞིན་གཞིས་སྤོས་ལས་མི་གཞོན་ནུ་ཞིག་གི་ཉག་ཕྲ་བའི་གནས་བབ་བཤུ་གཞོག་བྱས་པ་བཅས་ཀྱི་ནག་ཉེས་ལ་གཞིགས་ཏེ་དབུས་ཁྲིམས་ཁང་ནས་མཐར་འགན་འཛིན་གྱིས་ལས་མི་དེར་ཨོ་སྒོར་ཁྲི་ཕྲག་མང་པོ་གུན་གསབ་སྤྲོད་དགོས་པའི་བཀའ་བཏང་ཡོད།
རྒྱབ་སྐྱོར་བ་ཚོས་མོའི་ཉམས་མྱོང་དེ་རྒྱལ་ཡོངས་ཀྱི་གཞིས་སྤོས་ལས་མི་ཚོར་འཕྲད་བཞིན་པའི་བཤུ་གཞོག་གི་རྣམ་པ་རྒྱ་ཆེ་བ་ཞིག་མཚོན་གྱི་ཡོད་པར་བཤད།
གྲངས་གཤེར་གསར་པའི་ནང་གསལ་གཞིས་སྤོས་ལས་མིར་གླ་ཆའི་གྱོང་གུན་ཇི་ཙམ་གཏོང་གི་ཡོད་པ།
ཉེ་ཆར་སྤེལ་བའི་ཞིབ་འཇུག་ཅིག་གིས་རྒྱལ་སྤྱིའི་སློབ་མ་ཚོས་བདུན་རེར་ཨོ་སྒོར་ས་ཡ་ ༦༡ ཙམ་གྱི་གླ་ཆ་ཤོར་གྱི་ཡོད་པ་དེ་ནི་ལོ་ལྟར་ཨོ་སྒོར་དུང་ཕྱུར་ ༣.༡༨ ཙམ་ཆགས་ཀྱི་ཡོད་པ་བསྟན་ཡོད། དེ་ཡང་ཞིབ་འཇུག་དེའི་ནང་གཞིས་སྤོས་ལས་མི་བཤུ་གཞོག་ལ་བརྟེན་པའི་པའི་ལམ་ལུགས་དེ་དཔལ་འབྱོར་གྱི་ཁྱབ་ཁོངས་ཡོངས་སུ་རྒྱ་ཆེར་ཁྱབ་ཡོད་པར་བཤད་ཡོད།
ཞིབ་འཇུག་འདི་ནི་ཨོ་སི་ཊེ་ལི་ཡའི་ནང་གཞིས་སྤོས་ལས་མིའི་གནས་སྟངས་སྐོར་གྱི་རྒྱལ་ཡོངས་ཀྱི་ཞིབ་འཇུག་ཆེ་ཤོས་དེ་ཡིན་པ་དང་། འདི་ནི་རྒྱལ་ཡོངས་ནང་གི་གཞིས་སྤོས་ལས་མི་ཁྲི་གཅིག་མ་ཟིན་ཙམ་གྱི་ལན་འདེབས་ལ་གཞི་བཅོལ་ཡོད།
དེས་ལས་མི་གསུམ་ཆའི་གཉིས་ལ་ལས་ཀའི་ཐོབ་ཐང་སྐོར་གྱི་ཁྲིམས་ལུགས་འོག་གི་ཁྲིམས་མཐུན་གླ་ཕོགས་ཀྱི་ཐོབ་ཐང་ལས་ཉུང་བ་སྤྲད་ཡོད་པ་དང་། ལས་མི་གསུམ་ཆའི་གཅིག་ལས་མང་བ་ལ་རྒྱལ་ཡོངས་གླ་ཕོགས་དམའ་ཤོས་ཀྱི་ཚད་ལས་ཉུང་བའི་གླ་ཆ་སྤྲོད་ཀྱི་ཡོད།
ཞིབ་འཇུག་དེའི་རྩོམ་པ་པོ་གཅིག་དང་། ནིའུ་སའོ་ཐོ་ཝལ་སི་གཙུག་ལག་སློབ་ཆེན་གྱི་ཁྲིམས་ལུགས་སློབ་གཉེར་ཁང་གི་མཐོ་རིམ་ཞིབ་འཇུག་སློབ་དཔོན་གཞོན་པ་བྷ་སི་ན་ཧྥར་བྷེན་བྷི་ལུམ་Bassina Farbenblum ཡིས་SBS གསར་འགྱུར་ཁང་ལ་བརྗོད་དོན། གླ་ཆ་རྐུན་འཕྲོག་བྱེད་པ་ཕལ་ཆེ་བ་ནི་ལས་ཀའི་གནས་བབ་བརྟན་པོ་མེད་པ་དང་། ལྟ་རྟོག་ཞན་པ་སོགས་སྒྲོམ་གཞི་རྒྱ་ཆེ་བ་ཞིག་དང་འབྲེལ་ཡོད་ཅེས་དང་།
“རྩ་བའི་ཆ་ནས་གླ་ཆ་ཉུང་བ་སྤྲོད་པ་དེ་རང་འགར་ཡོང་གི་མེད། དེ་ལམ་ལུགས་ཤིག་གི་འབྲེལ་ཐག་གི་ཆ་ཤས་ཤིག་ཡིན།
“གླ་ཆ་ཇི་ཙམ་ཉུང་བ་སྤྲད་པའི་ལས་མི་དེ་ལ་དེ་དང་དེ་བཞིན་གྱི་གླ་ཆའི་བྱུང་འཛིན་མ་སྤྲད་པ། དངུལ་སྨར་སྤྲད་པ། གླ་ཆ་བཅག་པ། རྒས་ཡོལ་འཐོབ་ཆ་མ་སྤྲད་པ། ཐ་ན་བཙན་ཤུགས་ཀྱིས་ལས་ཀ་བྱེད་དུ་བཅུག་པའི་རྟགས་མཚན་མང་བ་མྱོང་གི་ཡོད།”
ཨོ་སི་ཊེ་ལི་ཡའི་ནང་ཡོད་པའི་རྒྱལ་སྤྱིའི་སློབ་མ་ཚོར་བདུན་རེར་ཨོ་སྒོར་ས་ཡ་ ༦༡ ཙམ་གྱི་གླ་ཆ་རག་གི་མེད་པ་དང་། དེ་ནི་ལོ་ལྟར་ཨོ་སྒོར་དུང་ཕྱུར་ ༣.༡༨ ཙམ་ཆགས་ཀྱི་ཡོད། པར་ཁུངས། གྷི་ཊི་པར་རིས།
ཞིབ་འཇུག་གི་གྲུབ་དོན་ལྟར་ན་ད་དུང་གླ་ཆ་མི་སྤྲོད་པའི་གནས་སྟངས་ཚབས་ཆེ་ཤོས་མྱོང་མཁན་གཞིས་སྤོས་ལས་མི་ཚོ་དེང་དུས་ཀྱི་བྲན་གཡོག་དང་འབྲེལ་བའི་བཙན་ཤུགས་ཀྱི་ལས་ཀའི་གནས་བབ་མྱོང་མཁན་ཡིན་པ་བསྟན་ཡོད།
བཤུ་གཞོག་ལ་བརྟེན་པའི་སྒྲོམ་གཞི།
ཞིབ་འཇུག་པ་ཚོས་གཞིས་སྤོས་ལས་མི་ཚོ་གླ་ཆ་ཉུང་བ་སྤྲོད་པ་དང་སྲུང་སྐྱོབ་བྱེད་དཀའ་བའི་རྙོག་འཛིང་ཆེ་བའི་སྒྲོམ་གཞི་ཞིག་གི་ནང་ཚུད་ཡོད་པ་བསྟན་ཡོད།
ལས་མི་མང་པོས་ལས་ཀའི་གནས་བབ་བརྟན་པོ་མེད་པ་དང་། ལག་ཁྱེར་ལ་སེམས་ཁྲལ། དེ་བཞིན་ཨེ་བྷི་ཨེན་གྱི་གན་རྒྱ་རྒྱ་ཆེར་བེད་སྤྱོད་བྱེད་པ་བཅས་ལ་བརྟེན་ནས་འཇིགས་སྣང་གིས་བཤུ་གཞོག་གི་བྱ་སྤྱོད་ལ་མགོ་བོ་བསྒུར་ནས་སྡོད་པའི་རྒྱུ་མཚན་དུ་བརྗོད་ཡོད།
ཞིབ་འཇུག་བྱས་པའི་ལས་མིའི་ཁྲོད་ཀྱི་བརྒྱ་ཆ་ ༣༨ ཙམ་ནི་གཏན་འཇགས་མིན་པའི་ཐོག་ནས་ལས་ཀ་བྱེད་ཀྱི་ཡོད་པ་དང་། དེས་འགན་འཛིན་རྣམས་ལ་ལས་ཀ་ག་དུས་སྤྲོད་མིན་གྱི་དབང་ཆ་ཆེན་པོ་སྤྲད་ཡོད།
ཁྱོན་ཡོངས་ནས་བལྟས་ན། ཞིབ་འཇུག་དེས་ཞིབ་འཇུག་བྱས་པའི་གཞིས་སྤོས་ལས་མིའི་ཁྲོད་ཀྱི་བརྒྱ་ཆ་༧༥ ཙམ་ནི་གཏན་འཇགས་མིན་པའམ་ཨེ་བྷི་ཨེན་གྱི་གན་རྒྱའི་ཐོག་ནས་ལས་ཀ་བྱེད་ཀྱི་ཡོད་པ་བསྟན་ཡོད།
ཨེ་བྷི་ཨེན་གྱི་གན་རྒྱ་ནི་ལས་མི་ཚོ་རང་དབང་ངང་རང་ཉིད་སྒེར་གྱིས་ཚོང་གཉེར་བྱེད་ཀྱི་ཡོད་པ་མཚོན་གྱི་ཡོད་པ་ལས་ཚོགས་པ་ཞིག་གི་ནང་ལས་མི་ཡིན་པའི་ངོ་བོ་མེད་པས་ཁྲལ་དང་། རྒས་ཡོལ་འཐོབ་ཆ་རྣམས་རང་ངོས་ནས་མཁོ་གྲུབ་བྱེད་དགོས་པ་མ་ཟད། གླ་ཆ་དམའ་ཤོས་འོག་ཐོབ་མཁན་གྱི་ཁྲིམས་ཀྱི་སྲུང་སྐྱོབ་དང་། གུང་གསེང་སོགས་ཀྱི་དགེ་ཕན་རྣམས་ཆད་འགྲོ་བའི་ཉེན་ཁ་ཡོད།
རྒྱུན་དུ་འགྲོ་ལུགས་དེར་"ཞོར་ལས་གན་རྒྱ་" ཞེས་འབོད་པ་དེ། ལས་མིའི་འབྲེལ་བ་ཞིག་རང་དབང་གི་ཚོང་གཉེར་བའི་གན་རྒྱའི་བཀོད་སྒྲིག་ཅིག་ཏུ་རྫུས་ནས་གཡོ་ཁྲམ་བྱེད་ཀྱི་ཡོད་པར་སྐྱོན་བརྗོད་ཆེན་པོ་བྱེད་ཀྱི་ཡོད།
ད་དུང་སྙན་ཐོ་དེས་གཏན་འཇགས་མིན་པའི་ལས་མི་དང་ཨེ་བྷིན་ཨེན་འཛིན་མཁན་ལས་མི་ཚོར་རྒྱལ་ཡོངས་ཀྱི་ཆེས་དམའ་བའི་གླ་ཆ་ལས་ཉུང་བ་འཐོབ་རྒྱུའི་ཉེན་ཁ་ལྡབ་གཉིས་ཀྱིས་ཆེ་བ་ཡོད་པ་རྟོགས་ཡོད།
ཧྥར་བྷེན་བྷི་ལུམ་གྱིས་བཀོད་སྒྲིག་དེ་ལྟ་བུས་གླ་ཆ་ཧ་ཅང་ཉུང་ངུ་སྤྲོད་པའི་ནག་ཉེས་རྣམས་རྩད་གཅོད་དང་གདོང་ལེན་བྱེད་དཀའ་བ་ཆགས་སྲིད་པར་ནན་བཤད་བྱས་ཡོད།
"གལ་ཏེ་ཁྱེད་རང་ཨེ་བྷིན་ཨན་ཐོག་ཡོད་ན། རང་དབང་གི་ཚོང་ལས་གཉེར་མཁན་ཚོར་ཁྱབ་ཀྱི་མེད་པའི་རྒྱུ་མཚན་གྱིས་ཁྱེད་རང་ལ་ལས་མིའི་དྲང་སྙོམས་རྩ་ཁྲིམས་ཀྱི་སྲུང་སྐྱོབ་ཐོབ་རྒྱུ་མེད་པ་ལྟ་བུར་མངོན་སྲིད། དོན་དངོས་སུ་ཨེ་བྷི་ཨེན་ཐོག་ཡོད་པའི་ལས་མི་མང་ཆེ་བ་ནི་ཁྱབ་ཁོངས་ནོར་བ་ཞིག་གི་ནང་ཚུད་ནས་ཡོད་པར་ཤེས་ཀྱི་ཡོད་ལ། དོན་དུ་ཁོང་ཚོར་ལས་མི་སྲུང་སྐྱོབ་ཀྱི་ཐོབ་ཐང་ཡོངས་རྫོགས་ཐོབ་དགོས་ཀྱི་ཡོད། " ཅེས་གསུངས།
ལས་མིར་བཤུ་གཞོག་གི་གནོད་འཚེ།
གཞིས་སྤོའི་ལས་མི་ལྷན་ཁང་གི་འགན་འཛིན་མེ་ཊི་ཀུན་ཀལ་ Matt Kunkel གྱིས། ཚོད་དཔག་བྱས་ན་ལོ་རེར་རྐུན་འཕྲོག་བྱས་པའི་གླ་ཆ་ཨོ་སྒོར་ཐེར་འབུམ་ ༣.༡༨ དེ་ནི་བཤུ་གཞོག་མྱོང་མཁན་གྱི་ལས་མི་ཙམ་མ་ཟད། ཨོ་སི་ཊེ་ལི་ཡའི་དཔལ་འབྱོར་སྤྱི་ལ་གྱོང་གུན་ཆེན་པོ་ཞིག་ཡིན་པར་བཤད་ཡོད།
ཁོང་གིས་སྦྱིན་བདག་ཚོས་ལས་མིའི་གླ་ཆ་ཉུང་དུ་བཏང་ནས་བདག་བཟུང་བྱས་པ་དེས་ས་གནས་ཀྱི་ཚོང་ལས་ཁག་ལ་དངུལ་རྒྱུན་འཁོར་རྒྱུར་བཀག་འགོག་བྱེད་ཀྱི་ཡོད་པར་བརྗོད་ཡོད།
ཁོང་གིས་ད་དུང་"བཤུ་གཞོག་མྱོང་མཁན་གྱི་ལས་མི་ཚོ་ཨོ་སི་ཊེ་ལི་ཡའི་ནང་སྐྱེས་པའི་ལས་མི་གཞན་དང་འདྲ་མཉམ་མེད་པ་དང་། དམན་པར་བརྩིས་ཏེ་སྤྱི་ཚོགས་ནས་ཕུད་པའི་དཀའ་ངལ་འཕྲད་པ་དེ་ནི་དཔལ་འབྱོར་གྱི་གནད་དོན་ཙམ་ཞིག་མ་རེད།" ཅེས་གསུངས་ཡོད།
ལས་མིར་བཤུ་གཞོག་གཏོང་བའི་ལག་ཆ།
གནས་ཚུལ་དེས་ཨེ་བྷི་ཨེན་བེད་སྤྱོད་ལོག་སྤྱོད་དང་ལས་མིའི་ཟིན་ཐོ་རྫུན་མ་བཟོ་བ་དེ་དག་ནི་དཀའ་ངལ་གཅིག་རང་མིན་པར། གནས་སྐབས་ལས་མིར་ཤུགས་ཆེར་བརྟེན་པའི་ལས་རིགས་ཁག་ཏུ་བཀོལ་སྤྱོད་བྱེད་པའི་བྱ་སྤྱོད་ཁག་ཀྱང་ཚུད་ཡོད།
སྙན་ཐོ་དེས་གནད་དོན་འདི་དཔལ་འབྱོར་གྱི་འགྲན་རྩོད་སྤྱི་ལ་འཁྱོག་བཅོས་བྱེད་ཀྱི་ཡོད་པ་དང་། སྦྱིན་བདག་ཚོས་ངལ་རྩོལ་བའི་འགྲོ་གྲོན་ཉུང་དུ་བཏང་བར་བརྟེན་ནས་གོ་རིམ་ལྡན་པའི་ཐོག་ལས་མིའི་གླ་ཆ་ཉུང་དུ་གཏོང་བའི་ལམ་ལུགས་བརྒྱུད་ཁྲིམས་མཐུན་གྱི་གླ་ཕོག་སྤྲོད་མཁན་གྱི་ཚོང་ལས་ཁག་ལ་གྱོང་གུན་གཏོང་གི་ཡོད་པའི་ཉེན་བརྡ་བཏང་ཡོད།
ཧྥར་བྷེན་བྷི་ལུམ་གྱིས་ད་དུང་ "གནས་སྐབས་ཀྱི་ཐོངས་མཆན་ལག་འཁྱེར་ཐོག་ཡོད་པའི་བཤུ་གཞོག་མྱོང་མཁན་གྱི་ལས་མི་ཚོ་ནི་རྟག་ཏུ་རང་ཉིད་ཀྱི་ཐོངས་མཆན་ལ་གནོད་སྐྱོན་འགྲོ་གི་ཡོད་པའི་གནད་དོན་གང་ཞིག་གི་ཐད་ཧ་ཅང་ཞེད་སྣང་སྐྱེ་ཡི་ཡོད་པ་དང་། ཁོང་ཚོར་རང་ཉིད་ཀྱི་ཐོངས་མཆན་ལག་འཁྱེར་སྲུང་སྐྱོབ་བྱེད་རྒྱུའི་འགན་ལེན་གང་ཡང་མེད་པ་དེས་ཉེན་ཁ་མེད་པའི་སྒོ་ནས་དྲང་ཚུགས་མིན་པའི་གནས་སྟངས་རྣམས་བརྗོད་རྒྱུར་དཀའ་ངལ་ཆེན་པོ་བཟོ་ཡི་ཡོད།"ཅེས་གསུངས།
བཅོས་བསྒྱུར་དགོས་པའི་འབོད་སྐུལ།
སྙན་ཐོ་དེས་ཨལ་བྷ་ནི་སི་སྲིད་གཞུང་གི་ལས་ཀའི་བཅོས་བསྒྱུར་ཐོག་མའི་སྐབས་ཀྱི་བསྒྱུར་བཅོས་ཏེ། གླ་ཆ་རྐུ་འཁྱེར་གྱི་ནག་ཉེས་ལ་ཉེས་ཆད་གཅོད་པ་དང་། གླ་ཕོགས་དམའ་བ་ཐོབ་མཁན་གྱི་ལས་མི་ལ་སྲུང་སྐྱོབ་རྒྱ་སྐྱེད་གཏོང་བ་དེ་དག་བཤུ་གཞོག་མྱོང་མཁན་གྱི་ལས་མི་ལ་ཚབས་ཆེ་བའི་བཤུ་གཞོག་བྱེད་པའི་གནད་དོན་དེ་སེལ་བར་འདང་ངེས་མེད་པར་བསྟན་ཡོད།
སྙན་ཐོ་དེས་བཤུ་གཞོག་མྱོང་མཁན་གྱི་ལས་མི་ལ་སྲུང་སྐྱོབ་ཤུགས་ཆེ་བ་དང་། ཞོར་ལས་གན་རྒྱ་རྫུན་མ་ལ་གདོང་ལེན་བྱེད་རྒྱུའི་ལམ་ཁ་ལས་སླ་བ་དང་། བཤུ་གཞོག་མྱོང་མཁན་གྱི་ལས་མི་ལ་ཤུགས་ཆེར་བརྟེན་པའི་ལས་རིགས་ཁག་ཏུ་ཁྲིམས་ཆད་ཀྱི་ལག་བསྟར་ཤུགས་ཆེ་བ་བྱེད་དགོས་པར་འབོད་སྐུལ་བྱས་ཡོད།
ཧྥར་བྷེན་བྷི་ལུམ་གྱིས་ཞིབ་འཇུག་འདིའི་གྲུབ་དོན་གྱིས་གཞུང་དང་ཚོང་ལས་ཁག་ལ་བཤུ་གཞོག་དང་གླ་ཆ་ཉུང་དུ་གཏོང་བའི་ལག་ལེན་ངོས་འཛིན་བྱེད་རྒྱུར་ལམ་སྟོན་གསལ་པོ་ཞིག་མཁོ་སྤྲོད་བྱས་ཡོད་པར་བརྗོད་ཡོད།
"བཤུ་གཞོག་མྱོང་མཁན་གྱི་ལས་མི་ཚོས་ཉེན་ཁ་མེད་པའི་སྒོ་ནས་དཀའ་ངལ་བརྗོད་རྒྱུ་ཐུབ་པ་བྱ་རྒྱུ་དེ་གལ་ཆེན་པོ་རེད། གཞུང་གིས་བྱེད་དགོས་པའི་གནད་དོན་དང་པོ་ནི་བཤུ་གཞོག་མྱོང་མཁན་གྱི་ལས་མི་ལ་སྲུང་སྐྱོབ་རྒྱ་སྐྱེད་གཏོང་རྒྱུ་དེ་རེད། དེའི་ནང་དུ་ལས་ཀའི་ཁྲིམས་མཐུན་ལག་དེབ་ཀྱི་ཐོངས་མཆན་ཡང་ཚུད་ཡོད།"
ཁོང་གིས་སྙན་ཐོ་དེས་རྒྱལ་སྤྱིའི་སློབ་ཕྲུག་གི་ལས་ཀའི་དུས་ཚོད་ཀྱི་བཀག་རྒྱ་ལ་བསྒྱུར་བཅོས་བྱེད་དགོས་པའི་འབོད་སྐུལ་བྱས་ཡོད་པ་དང་། སློབ་ཕྲུག་མང་པོས་ཚད་བཀག་དེས་ཁོང་ཚོ་གླ་ཆ་ཉུང་བ་དང་ཁྲིམས་མཐུན་མིན་པའི་ལས་ཀ་བྱེད་པའི་ཕྱོགས་སུ་འདེད་ཀྱི་ཡོད་པ་དང་། དེའི་རྒྱུ་མཚན་ནི་སྦྱིན་བདག་རྣམས་ཀྱིས་ལས་ཀ་བྱེད་རྒྱུའི་སྒྲིག་གཞི་ཡོད་པའི་ལས་མི་གླ་རྒྱུར་འདོད་པ་མེད་པའི་རྒྱུ་མཚན་གྱིས་ཡིན་པར་བཤད་ཡོད།
ཀུན་ཀལ་གྱིས་ཨེ་སི་བྷི་ཨེ་སི་གསར་ཁང་ལ་བཤུ་གཞོག་མྱོང་མཁན་གྱི་ལས་མིའི་གླ་ཆ་རྐུ་འཁྱེར་བྱེད་པ་དེ་ནི་དུས་ཡུན་རིང་པོར་གནས་པའི་ལམ་ལུགས་ཀྱི་གནད་དོན་ཞིག་ཡིན་པ་དང་། ད་ཆ་ཁོང་ཚོས་དངུལ་སྨར་སྤྲོད་རྒྱུའི་ཚབ་ཏུ་ཞོར་ལས་གན་རྒྱ་རྫུན་མ་བེད་སྤྱོད་བྱེད་པའི་ཐོག་རིམ་བཞིན་བསྒྱུར་གྱི་ཡོད་པ་རེད། དེས་ལས་མིའི་ཁྲིམས་མཐུན་གྱི་ཐོབ་ཐང་དེ་དག་སྦས་སྐུང་བྱེད་ཐུབ་ཀྱི་ཡོད།
"ང་ཚོས་ལྐོག་བརྡ་གཏོང་མཁན་གྱི་ལས་མི་ཚོར་སྲུང་སྐྱོབ་ཡག་ཏུ་གཏོང་དགོས། ཉེ་ཆར་གཞུང་གིས་གནང་བའི་ལས་ཀ་བྱེད་ཡུལ་གྱི་ཁྲིམས་མཐུན་ཐོངས་མཆན་ལག་འཁྱེར་སོགས་ཀྱི་སྲུང་སྐྱོབ་ནི་གོམ་སྟབས་ཡག་པོ་ཞིག་ཡིན། འོན་ཀྱང་དེ་དག་གིས་དོན་དངོས་སུ་སྲུང་སྐྱོབ་བྱེད་རྒྱུའི་ལག་ལེན་རྒྱ་སྐྱེད་གཏོང་དགོས་ཀྱི་ཡོད།"ཅེས་གསུངས།། །།






