ཕྱི་ཟླ་ ༧ ཚེས་ ༡ ཉིན་ནས་འགོ་བཙུགས་ཏེ་ཨོ་སི་ཊེ་ལི་ཡའི་ནང་འབྱུང་ལ་ཉེ་བའི་འགྱུར་བ་དུ་མ་ཞིག་གིས་མི་ས་ཡ་མང་པོ་ལ་ཤུགས་རྐྱེན་ཐེབས་སྲིད། པར་ཁུངས། གྷི་ཊི་པར་རིས། དངུལ་རྩིས་ཀྱི་ལོ་གསར་པ་ཞིག་ཤར་བ་དང་སྒྲིག་གཞི་གསར་པའི་བཀོད་ཁྱབ་ཅིག་ཡོད་ངེས་རེད། ཕྱི་ཟླ་ ༧ ཚེས་ ༡ ཉིན་ནས་འགོ་བཙུགས་ཏེ་ཨོ་སི་ཊེ་ལིའི་ནང་འགྱུར་བ་གང་དག་འབྱུང་རྒྱུ་ཡིན་པ། ལོ་རེའི་བསྐྱར་བཅོས་འདིས་སྒྲིག་གཞི་དང་ཁྲིམས་ལུགས་ལ་འགྱུར་བ་གཏོང་གི་ཡོད། ལོ་འདིའི་འགྱུར་བ་དེ་ནི་ངལ་རྩོལ་བ་ཚོའི་གླ་ཕོགས་དང་། རྒན་ཡོལ་བསྲི་ཚགས། ཁྱིམ་ཚང་གི་སྔོན་རྩིས། ཚོང་ལས་ཀྱི་བྱ་བཞག་བཅས་ལ་ཤུགས་རྐྱེན་ཐེབས་ཀྱི་རེད། གཤམ་དུ་ངེས་གཏན་བྱས་པའི་འགྱུར་བ་གལ་ཆེ་འགའ་ཞིག་ཡོད།
ངལ་རྩོལ་བ་ས་ཡ་མང་པོའི་གླ་ཕོགས་སྤར་རྒྱུ་ཡིན་པ།
ངལ་རྩོལ་ལས་མིའི་དྲང་བདེན་ལྷན་ཁང་གིས་ཟླ་བ་འདིའི་འགོ་སྟོད་དུ་གླ་ཆ་ཆེས་དམའ་ཤོས་དང་གཏན་འབེབས་ཡོད་པའི་གླ་ཆ་རྣམས་ཀྱི་སྤར་ཆ་བརྒྱ་ཆ་ ༤.༧༥ ལ་ཁས་ལེན་བྱས་ཡོད་པ་དེས་ལས་མི་ས་ཡ་མང་པོར་ཕྱི་ཟླ་ ༧ ཚེས་ ༡ ཉིན་ནས་འགོ་བཙུགས་ཏེ་གླ་ཕོགས་འཕར་རྒྱུ་ཡིན་འདུག
དེ་ལས་ཆེས་དམའ་ཤོས་ཀྱི་གླ་ཕོགས་དེ་ཆུ་ཚོད་རེར་ཨོ་སྒོར་ ༢༦.༤༤ དང་། བདུན་ཕྲག་རེར་ཨོ་སྒོར་ ༡,༠༠༤.༩༠ བར་འཕར་རྒྱུ་ཡིན་ཞིང་། བདུན་ཕྲག་གཅིག་གི་ནང་ཆུ་ཚོད་ ༣༨ ལས་ཀ་བྱས་པར་གཞི་བཞག་ཡོད།
དངུལ་འབབ་འཕར་མ་འདི་ནི་ཕྱི་ཟླ་ ༧ ཚེས་ ༡ ཉིན་ནས་འགོ་བཙུགས་པའི་གླ་ཕོགས་ཀྱི་དུས་ཚོད་དང་པོ་ནས་ལག་བསྟར་བྱེད་རྒྱུ་ཡིན་པ་དང་། ཁོང་ཚོ་དང་ལྷན་དུ་གཏན་འབེབས་ཡིག་ཆའི་འོག་གླ་ཕོགས་ལེན་མཁན་གྱི་ལས་བྱེད་པ་ས་ཡ་ ༢.༨ ཙམ་ལ་ཡང་སྤར་ཆ་དེའི་ཕན་ནུས་ཐོན་གྱི་ཡོད།
ཨོ་སི་ཊེ་ལི་ཡའི་མི་མང་གིས་ཟླ་ ༧ ཚེས་ ༡ ཉིན་ནས་ཁྲལ་གྱི་སྒྲིག་གཞི་དང་། རྒས་ཡོལ་ཐོབ་ཆའི་ཚད་གཞི། དེ་བཞིན་གཞུང་གི་རོགས་དངུལ་གྱི་ཚད་གཞི་འགའ་ཤས་ལའང་འགྱུར་བ་འགྲོ་གི་ཡོད།
རྒན་ཡོལ་ཐོབ་ཆ་རྣམས་གླ་ཕོགས་དང་དུས་མཉམ་དུ་སྤྲོད་རྒྱུ།
ཐེངས་འདིའི་དངུལ་རྩིས་ཀྱི་ལོ་གསར་པ་འདིའི་ནང་དུ་ནུས་པ་ཐོན་རྒྱུ་ཡིན་པའི་གྲུབ་ཆའི་འགྱུར་བ་ཆེ་ཤོས་གཅིག་ནི་གླ་ཕོགས་ཀྱི་རྒན་ཡོལ་ཐོབ་ཆ་དེ་ཡིན།
ཕྱི་ཟླ་ ༧ ཚེས་ ༡ ཉིན་ནས་འགོ་བཙུགས་ཏེ་ལས་ཁུངས་ཚོས་ལས་བྱེད་ཀྱི་རྒས་ཡོལ་ཐོབ་ཆ་རྣམས་གླ་ཕོགས་དང་དུས་མཉམ་དུ་སྤྲོད་དགོས། དེ་ནི་སྔར་གྱི་ཟླ་བ་བཞི་རེའི་ལམ་ལུགས་དང་འདྲ་གི་མེད།
འགྱུར་བ་འདི་ནི་རྒས་ཡོལ་ཐོབ་ཆ་རྣམས་རྗེས་ལུས་དང་ཆད་ལྷག་མེད་པར་དུས་ཐོག་ལས་མི་ཚོར་སྤྲད་དེ་རང་ཉིད་ཀྱི་རྒས་ཡོལ་སྐབས་ཀྱི་མ་དངུལ་གང་ཡོད་གསལ་ཁ་དོད་པ་ཡོང་རྒྱུའི་ཆེད་དུ་ཡིན།
ཨོ་སི་ཊེ་ལི་ཡའི་རྒས་ཡོལ་ཐོབ་ཆ་ཚོགས་པའི་སྲིད་བྱུས་དང་འབོད་སྐུལ་གྱི་འགན་འཛིན་སྐུ་ཞབས་ཇེམ་སི་ཀོ་ཝལ་གྱིས་བཅོས་སྒྱུར་འདིས་རྒན་ཡོལ་བསྲི་ཚགས་ཀྱི་རྩིས་ཁྲ་ཡོད་པའི་ཨོ་སི་ཊེ་ལི་ཡའི་མི་མང་ས་ཡ་ ༡༩ ཙམ་ལ་ཤུགས་རྐྱེན་ཐེབས་རྒྱུ་ཡིན་པར་བརྗོད་ཡོད།
ཁོང་གིས་རྒས་ཡོལ་ཐོབ་ཆ་རྣམས་དུས་ཐོག་ཏུ་རྒྱུན་པར་སྤྲོད་རྒྱུའི་བཅོས་སྒྱུར་འདིས་ལས་བྱེད་པ་ཚོར་ལས་ཀ་ནས་རྒས་ཡོལ་ཞུ་སྐབས་གྱི་དངུལ་འབབ་མཐོ་རུ་འགྲོ་གི་རེད་ཅེས་བརྗོད་ཡོད།
རྒྱབ་སྐྱོར་བ་ཚོས་བཅོས་སྒྱུར་འདིས་ཐོབ་བྱའི་ཕྱོགས་སྡོམ་གྱི་ཁེ་བབ་སོགས་ཀྱིས་ལས་བྱེད་གཞོན་པ་ཚོར་ལྷག་པར་རྒས་ཡོལ་སྐབས་ཀྱི་དངུལ་འབབ་མཐོ་རུ་འགྲོ་ངེས་རེད་ཅེས་བརྗོད་ཡོད།
དེ་ཙམ་དུ་མ་ཟད་བཅོས་སྒྱུར་འདི་བརྒྱུད་གླ་ཆའི་བྱུང་འཛིན་དང་རྩིས་ཁྲའི་ནང་བཏང་བའི་དངུལ་གྲངས་བསྡུར་ན་ལས་མི་ཚོར་སྤྲད་རྒྱུ་ལྷག་པའི་ཐོབ་ཆ་ཁག་ལས་སླ་པོར་ངོས་འཛིན་བྱེད་ཐུབ།
ཚོང་ལས་ཀྱི་སྡེ་ཚན་ཁག་གིས་བཅོས་སྒྱུར་འདིའི་དམིགས་ཡུལ་ལ་དགའ་བསུ་ཞུས་ཡོད་ནའང་། འགྱུར་བ་དེས་ལག་བསྟར་དང་དངུལ་དུས་ཐོག་འཁོར་རྒྱུག་ཡོང་རྒྱུར་དཀའ་ངལ་བཟོ་སྲིད་པའི་ཉེན་བརྡ་བཏང་ཡོད། ལྷག་པར་དུ་ཚོང་པ་ཆུང་འབྲིང་ཀྱི་རིགས་རྣམས་ལ་དེ་བས་རྙོག་དྲ་ཆེ་བ་ཡོང་སྲིད་པར་བརྗོད།
སྐུ་ཞབས་ཀོ་ཝལ་གྱིས་ལས་ཁུངས་འགའ་ཞིག་ལ་འགྱུར་བ་དེར་བསྟུན་འགྲིག་བྱེད་དགོས་པའི་དུས་སྐབས་ཤིག་ཡོང་སྲིད་ནའང་། བཅོས་སྒྱུར་འདི་ནི་ལོ་མང་པོའི་རིང་ལ་འཆར་གཞི་བསྒྲིགས་པ་ཞིག་ཡིན་པ་དང་། སྦྱིན་བདག་ཚོས་ལས་མིར་གླ་ཆ་སྤྲོད་རྒྱུའི་དུས་ཚོད་ཙམ་ལ་འགྱུར་བ་བཏང་བ་ལས་གླ་ཆའི་ཁ་གྲངས་ལ་འགྱུར་བ་བཏང་བ་དེ་འདྲ་མིན་ཞེས་གསུངས་ཡོད།
"ང་ཚོས་ཐོག་མའི་དུས་སྐབས་སུ་དཀའ་ངལ་འགའ་ཞིག་ཡོང་སྲིད་པར་བསམ་གྱི་ཡོད་ནའང་། འདིས་ཨོ་སི་ཊེ་ལི་ཡའི་མི་མང་ས་ཡ་མང་པོ་ཞིག་གི་རྒན་ཡོལ་ཐོབ་ཆ་དུས་ཐོག་འཐོབ་རྒྱུ་ཡིན་པས་དེ་ནི་ཡར་རྒྱས་ཆེན་པོ་ཞིག་རེད།"
རྒས་ཕོགས་ཀྱི་ཁྲལ་ཆག་ཡང་གི་མཐོ་ཚད་དེ་ཡང་ཨོ་སྒོར་ ༣༠ ༠༠༠ ནས་ ༣༢ ༠༠༠ ལ་ཕར་རྒྱུ་ཡིན་འདུག།
ཁྲལ་གྱི་ཆག་ཡང་།
ཨོ་སི་ཊེ་ལི་ཡའི་མི་མང་གིས་ཟླ་ ༧ ཚེས་ ༡ ཉིན་ནས་ཁྲལ་གྱི་སྒྲིག་གཞི་དང་། རྒས་ཡོལ་ཐོབ་ཆའི་ཚད་གཞི། དེ་བཞིན་གཞུང་གི་རོགས་དངུལ་གྱི་ཚད་གཞི་འགའ་ཤས་ལའང་འགྱུར་བ་འགྲོ་ཡི་ཡོད།
ཁྲལ་གྱི་འདེགས་ཚད་དམའ་ཤོས་དེ་བརྒྱ་ཆ་ ༡༦% ནས་བརྒྱ་ཆ་ ༡༥%ལ་ཆག་རྒྱུ་ཡིན་པ་དང་། དེ་ནི་ཡོང་འབབ་དངུལ་འབོར་ཨོ་སྒོར་༡༨,༢༠༡ ནས་ ༤༥,༠༠༠ བར་གྱི་ལས་མི་ས་ཡ་མང་པོར་ཁྲལ་གྱི་གུ་ཡངས་ཐོབ་རྒྱུ་རེད།
ལས་ཀའི་འགྲོ་གྲོན་ལ་འཕྲལ་ཁྲལ་གྱི་ཆག་ཡང་ཨོ་སྒོར་ ༡,༠༠༠ གཏོང་རྒྱུའི་གྲོས་འཆར་དེ་གཏན་འབེབས་བྱུང་ན་ཕྱི་ལོ་ ༢༠༢༦-༢༧ ལོར་ལག་བསྟར་བྱེད་རྒྱུ་རེད། འོན་ཀྱང་དེ་ལོ་དེའི་ཁྲལ་ཐོའི་ནང་རྩི་རྒྱུ་མིན་པ་རེད།
གཞུང་གི་རོགས་དངུལ་ཚད་གཞི།
ཟླ་ ༧ ཚེས་ ༡ ཉིན་དུས་བཀག་ལྟར་རྒྱུན་དུ་བསྒྱུར་བཅོས་བྱེད་ཀྱི་ཡོད་པ་བཞིན། ཁྲལ་གྱི་ཆག་ཡང་རིགས་ཀ་པ་དང་ཁ་པ་ཡོད་པའི་ཁྱིམ་ཚང་ཚོར་རོགས་དངུལ་གྱི་ཆེས་མཐོའི་དངུལ་གྲངས་མཐོ་རུ་འགྲོ་རྒྱུ་ཡིན་པ་དང་། རྒས་ཕོགས་དང་ནུས་མེད་རོགས་སྐྱོར་གྱི་རོགས་དངུལ་ཡང་མཐོ་རུ་འགྲོ་གི་ཡོད།
སྨན་བཅོས་བལྟ་སྐྱོང་ལས་གཞིའི་ཁྲལ་གྱི་འཕར་འཁྲི་མཐོ་རུ་འགྲོ་བ།
ཟླ་བ་བདུན་པའི་ཚེས་གཅིག་ཉིན་སྨན་བཅོས་བལྟ་སྐྱོང་ལས་གཞིའི་ཁྲལ་བབ་མཐོ་རུ་འགྲོ་རྒྱུ་རེད། དེའི་ཐད་ཁེར་རྐྱང་བ་ཚོར་ཨོ་སྒོར་ ༡༠༥,༠༠༠ དང་ཁྱིམ་ཚང་ཁག་ལ་ཨོ་སྒོར་༢༡༠,༠༠༠ ལ་འགྱུར་རྒྱུ་རེད། འཕར་འཁྲི་དེ་སྒེར་གྱི་སྨན་ཁང་གི་འགན་ལེན་མ་འཇོག་མེད་པའི་ཡོང་འབབ་མཐོ་བའི་མི་རྣམས་ལ་རྒྱུན་གཏན་གྱི་ཁྲལ་གྱི་ཐོག་འཕར་མ་འཇལ་དགོས་པ་ཞིག་ཡིན།
ཕ་མའི་གླ་ཡོད་གུང་གསེང་ཐོབ་ཐང་འཕར་རྒྱུ་རེད།
ཟླ་བ་༧ ཚེས་༡ ཉིན་ནས་བཟུང་སྐྱེས་པའི་ཕྲུ་གུ་རྣམས་ལ་གཞུང་གི་གུང་སེང་གི་ཁྱབ་ཚད་ཆེ་རུ་ཕྱིན་པའི་ཕན་ཐོགས་ཡོང་རྒྱུ་རེད།
ཕ་མ་གཉིས་ཀྱི་གུང་སེང་དེ་ཉིན་ ༡༢༠ ནས་ ༡༣༠ འཕར་རྒྱུ་ཡིན་པ་དང་། དེ་ནི་གཟའ་འཁོར་གཅིག་ནང་ཉིན་ལྔ་ལས་ཀ་བྱེད་མཁན་ལ་གཟའ་འཁོར་ ༢༦ གི་གུང་གསེང་ཡིན།
གཟའ་ཟླའི་གུང་སེང་གི་ཐོབ་ཐང་ཡང་ཉིན་ ༡༥་ནས་ཉིན་ ༢༠ ལ་འཕར་རྒྱུ་རེད།
འགྱུར་བ་འདི་དག་ཟླ་བ་བདུན་པའི་ཚེས་གཅིག་ཉིན་ནས་ཕྲུ་གུ་སྐྱེས་པའམ་བུ་ཚབ་ཏུ་བླངས་པ་ཚང་མར་ཁྱབ་ཀྱི་ཡོད།
འགྱུར་བ་འདི་དག་ནི་ལས་ཞུགས་མི་གྲངས་མང་དུ་གཏོང་བ་དང་། ཁྱིམ་ཚང་ལ་ཕྲུ་གུ་གཉོར་སྐྱོང་གི་འགན་འཁུར་མཉམ་སྤྱོད་བྱེད་པའི་གོ་སྐབས་བཟང་དུ་གཏོང་བའི་འཆར་གཞི་ཞིག་གི་ཆ་ཤས་རེད།
བརྡ་ཡིག་རྫུན་མ་སྔོན་འགོག་གི་སྲུང་སྐྱོབ།
ཟླ་བ་༧ ཚེས་ ༡ ཉིན་ནས་བཟུང་བརྡ་ཡིག་རྫུན་མ་སྔོན་འགོག་གི་སྲུང་སྐྱོབ་འོག །ཨོ་སི་ཊེ་ལི་ཡའི་མི་རྣམས་ཀྱིས་རང་ཉིད་ཀྱི་ཁ་པར་ནང་ཚོང་རྟགས་ཅན་གྱི་བརྡ་འཕྲིན་དེ་ཚོ་ཇི་ལྟར་མངོན་གྱི་ཡོད་པར་འགྱུར་བ་མཐོང་སྲིད་པ་རེད།
ཚོང་རྟགས་ཅན་གྱི་བརྡ་འཕྲིན་གཏོང་མཁན་གྱི་ཚོང་པ་ཚོས་ངོས་འཛིན་ལག་འཁྱེར་དེ་དག་ཐོ་འགོད་བྱེད་དགོས་ཀྱི་ཡོད།
ཐོ་འགོད་བྱས་མེད་པའི་བརྡ་འཕྲིན་གཏོང་མཁན་གྱི་ཚོང་རྟགས་རྣམས་རིམ་བཞིན་ཚད་ལྡན་གྱི་ཚོང་ལས་ཁང་གི་གནས་བབ་ལས་ལོགས་སུ་མངོན་གྱི་ཡོད་པ་དང་། དེ་ནི་ཚོང་ལས་ཀྱི་བརྡ་འཕྲིན་རྫུན་མ་ཉུང་དུ་གཏོང་བའི་ཆེད་དུ་རེད།
བཅོས་བསྒྱུར་འདི་དག་གིས་གཡོ་ལས་ཀྱིས་ཚོང་པ་ངོ་མ་ཚོའི་ངོ་བོར་རྫུས་མཁན་རྣམས་ཀྱི་བྱ་སྤྱོད་འགོག་སྲུང་བྱེད་ཀྱི་རེད།།






