སྲིད་བློན་ཨན་ཐོ་ནི་ཨལ་བྷ་ནི་སི་ཡིས་ནུབ་ཨོ་སི་ཊེ་ལི་ཡའི་ས་གནས་གཞུང་དང་ལྷན་དུ་ས་སྣུམ་གྱི་བཟོ་གྲྭ་ཆེན་པོ་གསར་པ་ཞིག་ལ་ཞིབ་འཇུག་བྱེད་པའི་འཆར་གཞི་གསར་པ་ཞིག་གསལ་བསྒྲགས་བྱས་ཡོད། བཟོ་གྲྭ་འདི་ནི་རྒྱལ་ཁབ་ཀྱི་དཔལ་འབྱོར་ལ་གོ་ལ་ཡོངས་ཀྱི་ནུས་རྫས་ཀྱི་དཀའ་ངལ་གྱིས་གནོད་སྐྱོན་མི་ཡོང་བའི་ཆེད་དུ་ཡིན། གལ་སྲིད་བཟོ་གྲྭ་འདི་ལེགས་གྲུབ་བྱུང་ཚེ། དེ་ནི་ཕྱི་ལོ་ ༡༩༦༠ ལོ་ནས་བཟུང་ཨོ་སི་ཊེ་ལི་ཡ་ནང་འཛུགས་བསྐྲུན་བྱས་པའི་ས་སྣུམ་བཟོ་གྲྭ་ཆེན་པོ་གསར་ཤོས་དེ་ཆགས་རྒྱུ་རེད། འདི་ནི་བདུན་མཇུག་ལ་མཇུག་རྫོགས་རྒྱུ་ཡིན་པའི་སྣུམ་གྱི་དཔྱ་ཁྲལ་ཆག་ཡང་གི་དུས་ཚོད་མཇུག་རྫོགས་ལ་ཉེ་བ་དང་སྐབས་ཁེལ་ཡོད།
ད་ལྟ་ང་ཚོས་དཀྱིལ་ཤར་ས་ཁུལ་དུ་འགྲོ་བཞིན་པའི་དམག་འཁྲུག་གི་གནས་ཚུལ་ནས་མཐོང་ཐུབ་པ་ལྟར། འཛམ་གླིང་གི་གནས་སྟངས་ནི་ཧ་ཅང་བརྟན་པོ་མེད་པའི་མཚམས་ཤིག་ཏུ་ཡོད། གལ་སྲིད་ཨོ་སི་ཊེ་ལི་ཡ་དངོས་རྫས་མཁོ་སྤྲོད་རྒྱུད་ལམ་གྱི་མཐའ་མར་ལྷག་ཚེ། དེས་ང་ཚོར་ཉེན་ཁ་ཆེན་པོ་འཕྲད་སྲིད། དེར་བརྟེན། ང་ཚོའི་སྔོན་རྩིས་ཀྱི་དམིགས་བྱ་གཙོ་བོ་ནི་རང་ཉིད་ལ་ཡིད་ཆེས་ཆེ་རུ་དང་། རང་བརྟེན་ཆེ་རུ་གཏོང་རྒྱུ་དེ་ཡིན་ལ། དེ་བཞིན་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་རྒྱུ་དེ་ཡང་ཡིན།
ཞེས་སྲིད་བློན་ཨན་ཐོ་ནི་ཨལ་བྷ་ནི་སི་ཡིས་སྣུམ་གྱི་བཟོ་གྲྭ་ཆེན་པོ་གསར་པ་ཞིག་ལ་ཞིབ་འཇུག་བྱེད་པའི་ཆེད་དུ་ཨོ་སྒོར་ས་ཡ་བཞི་བགོ་འགྲེམས་ཀྱི་གསལ་བསྒྲགས་བྱས་པའི་སྐབས་གསུངས་ཡོད། བཟོ་གྲྭ་འདི་ནི་ནུབ་ཨོ་སི་ཊེ་ལི་ཡའི་པིལ་བྷ་ར་ས་ཁུལ་གྱི་གྲོང་ཁྱེར་ཀ་ར་ཐ་ལ་འཛུགས་རྒྱུ་ཡིན་འདུག།
ལས་གཞི་འདི་ནི་རྫས་ལུད་བཟོ་སྐྲུན་པ་པར་ཌ་མན་གྱིས་འཆར་བཏོན་བྱས་པ་ཞིག་ཡིན་ལ། ཁོ་ཚོར་དེར་ཨོ་སྒོར་ས་ཡ་༦.༤ ཡི་རྫས་ལུད་བཟོ་གྲྭ་ཞིག་ཡོད།
ནུབ་ཨོ་སི་ཊེ་ལི་ཡའི་ནང་བསྐྲུན་རྒྱུའི་ས་སྣུམ་བཟོ་གྲྭ་འདིས་གོ་ལ་ཡོངས་སུ་བརྟན་ཆ་མེད་པའི་འཁྲུག་ཟིང་བྱུང་བཞིན་པའི་སྐབས་སུ་ནུས་རྫསཀྱི་བདེ་འཇགས་སྲ་བརྟན་གཏོང་རྒྱུའི་དམིགས་ཡུལ་བཟུང་ཡོད།་གལ་སྲིད་ལེགས་གྲུབ་བྱུང་ཚེ་ཚེ། བཟོ་གྲྭ་འདི་ནི་ཕྱི་ལོ་ ༡༩༦༠ ལོ་ནས་བཟུང་ཨོ་སི་ཊེ་ལི་ཡ་ནང་བཟོས་པའི་ས་སྣུམ་བཟོ་གྲྭ་ཆེན་པོ་གསུམ་པ་དང་གསར་ཤོས་དེ་ཆགས་རྒྱུ་རེད།
སྲིད་བློན་ཨལ་བྷ་ནི་སི་ཡིས་ཨི་རན་ལ་དམག་རྒྱག་བཞིན་པས་མཁོ་སྤྲོད་དང་སྣུམ་གྱི་རིན་གོང་ལ་ཤུགས་རྐྱེན་ཐེབས་བཞིན་པའི་སྐབས་སུ་དངོས་རྫས་མཁོ་སྤྲོད་རྒྱུད་ལམ་གྱི་གནོད་སྐྱོན་གྱིས་ཨོ་སི་ཊེ་ལི་ཡའི་མི་མང་ལ་གནོད་སྐྱོན་མི་ཡོང་བའི་ཆེད་དུ་གཞུང་གིས་སྣུམ་བསྐྲུན་བཟོ་གྲྭ་དེ་འཛུགས་ཀྱི་ཡོད་ཅེས་བརྗོད་ཡོད།
“འདིས་ས་གནས་མི་དམངས་ལ་ལས་ཀ་ཐོབ་པ་དང་བཟོ་སྐྲུན་ལ་སྐུལ་འདེད་ཆེན་པོ་ཞིག་གཏོང་རྒྱུ་མ་ཟད། ང་ཚོའི་རང་བརྟེན་གྱི་ནུས་པ་དང་བདེ་འཇགས་ལའང་སྐུལ་འདེད་གཏོང་རྒྱུ་རེད། གྲོང་ཁྱེར་ཆེན་པོ་འདིའི་ངོ་བོ་ནི་རང་བརྟེན་གྱི་ནུས་པ་དང་བདེ་འཇགས་བསྐྲུན་རྒྱུ་དེ་ཡིན། དེ་ལྟར་ཨོ་སི་ཊེ་ལི་ཡ་ཕྱིས་བྱུང་གི་དཀའ་ངལ་གྱི་ལས་ཉེན་ཁ་ལས་སྐྱོབ་རྒྱུ་དེ་རེད། ང་ཚོས་ཟླ་བ་གཉིས་པའི་ཚེས་ ༢༨ ནས་འཛམ་གླིང་གི་དཔལ་འབྱོར་ལ་ཇི་ལྟར་ཤུགས་རྐྱེན་ཆེན་པོ་ཐེབས་པ་དེ་ལས་མངོན་ཐུབ།
ད་ལོའི་ཟླ་བ་གཉིས་པའི་ཚེས་ ༢༨ ཉིན་ཨ་རི་དང་ཨི་ཛི་རལ་གྱིས་ཨི་རན་ལ་དམག་བརྒྱབ་པ་ནས་བཟུང་། ཏེ་རན་གྱིས་ཧོར་མུ་ཛུ་མཚོ་འགག་སྒོ་བརྒྱབ་ནས་འཛམ་གླིང་གི་དཔལ་འབྱོར་ལ་གཡོ་འགུལ་ཆེན་པོ་ཐེབས་ཡོད། དམག་འཁྲུག་འདིས་མཚོ་འགག་ཕལ་ཆེར་བཀག་འགོག་བྱས་ཡོད་ལ། དེའི་ནང་ནས་འཛམ་གླིང་གི་རྡོ་སྣུམ་དང་གཤེར་རྫས་ཧ་ལམ་ལྔ་ཆ་གཅིག་འགྲོ་བསྐྱོད་བྱེད་བཞིན་ཡོད།
ཨ་རིའི་ནུས་རྫས་ཚོགས་པས་ཚོད་དཔག་བྱས་པ་ལྟར་ན། ཕྱི་ལོ་ ༢༠༢༥ལོར་ཧོར་མུ་ཛུ་བརྒྱུད་ནས་ཉིན་རེར་སྣུམ་གྱི་ཟོམ་ས་ཡ་ ༢༠ འབོར་འདྲེན་བྱས་ཡོད།
ནུབ་ཨོ་སི་ཊེ་ལི་ཡའི་མངའ་སྡེའི་བློན་ཆེན་རོ་ཇར་ཀུག་གིས་ཞིབ་འཇུག་འདིས་རང་བརྟེན་གྱི་ནུས་པ་བསྐྲུན་རྒྱུའི་གལ་ཆེན་རང་བཞིན་སྟོན་གྱི་ཡོད་ཅེས་བརྗོད་ཡོད།
ཁོང་གིས་ནུབ་ཨོ་སི་ཊེ་ལི་ཡ་དང་དབུས་གཞུང་གཉིས་ཀྱི་མཉམ་འབྲེལ་གྱིས་ཨོ་སི་ཊེ་ལི་ཡ་རང་ཉིད་རང་བརྟེན་ཆེ་རུ་དང་། ཕྱི་རྒྱལ་གྱི་ནུས་པའི་མཁོ་སྤྲོད་ལ་བརྟེན་མི་དགོས་པ་བཟོ་རྒྱུར་རོགས་རམ་བྱེད་ཀྱི་རེད་ཅེས་བརྗོད་ཡོད།“གོ་ལ་ཡོངས་ཀྱི་དཀའ་ངལ་གྱི་སྐབས་སུ། ཁྱེད་ལ་ཉིན་རེའི་དཀའ་ངལ་སེལ་ཐུབ་པའི་ནུས་པ་དང་གཞུང་ཞིག་དགོས་ཀྱི་རེད། ང་ཚོ་རང་ཉིད་རང་བརྟེན་ཆེ་རུ་གཏོང་རྒྱུར་མ་འོངས་པའི་ལས་དོན་གལ་ཆེ་དེ་དག་སྒྲུབ་རྒྱུར་དོ་སྣང་བྱེད་དགོས།”
སྲིད་བློན་ཁོང་གིས་ཞིབ་འཇུག་འདིས་ནུབ་ཨོ་སི་ཊེ་ལི་ཡ་ནང་གི་རེ་བ་ཡོད་པའི་ས་ཆ་དང་གོ་སྐབས་ལ་ཞིབ་འཇུག་བྱས་ནས། རྒྱལ་ཁབ་ཀྱི་མ་འོངས་པའི་ནུས་པའི་མཁོ་སྤྲོད་བདེ་འཇགས་བཟོ་རྒྱུར་རོགས་རམ་བྱེད་ཀྱི་རེད་ཅེས་བརྗོད་ཡོད།ད་ལྟ་ཨོ་སི་ཊེ་ལི་ཡ་ལ་ས་སྣུམ་བཟོ་གྲྭ་གཉིས་ཡོད་དེ། བྷི་རི་སི་བྷན་དང་ཇི་ལོང་ལ་ཡོད་པ་དང་། དེ་གཉིས་ཀས་རྒྱལ་ཁབ་ཀྱི་སྣུམ་གྱི་བརྒྱ་ཆ་ ༡༠ ནས་ ༢༠ བར་མཁོ་སྤྲོད་བྱེད་ཀྱི་ཡོད།རྒྱལ་ཁབ་ཀྱི་ཉིན་རེའི་སྣུམ་གྱི་བརྒྱ་ཆ་ ༩༠ ལྷག་ནི་ལྷོ་ཀོ་རི་ཡ་དང་། ཉི་ཧོང་། སིང་ག་པུར། མ་ལ་ཤི་ཡ། ཐེ་ཝན་བཅས་ནས་ནང་འདྲེན་བྱེད་ཀྱི་ཡོད།
ཕྱི་སྲིད་བློན་ཆེན་པེ་ནི་ཝོང་གིས་ཨོ་སི་ཊེ་ལི་ཡས་དཀའ་ངལ་དེ་དག་གདོང་ལེན་བྱེད་ཐབས་འཚོལ་དགོས་ཞེས་བརྗོད་ཡོད།
“ང་ཚོས་ཨོ་སི་ཊེ་ལི་ཡ་ནང་རང་བརྟེན་གྱི་ནུས་པ་སྲ་བརྟན་གཏོང་ཐབས་འཚོལ་དགོས་ཀྱི་རེད། སྔོན་གྱི་གཞུང་གི་འོག་ཏུ་ང་ཚོར་སྣུམ་བཟོ་གྲྭ་དྲུག་ཡོད་པ་ལས་བཞི་སྒོ་བརྒྱབ་ཡོད།”
ཨོ་སི་ཊེ་ལི་ཡ་ལ་སྔོན་མ་སྣུམ་བཟོ་གྲྭ་མང་པོ་ཡོད་ཀྱང་། ཕྱི་ལོ་ ༢༠༠༣ ནས་ ༢༠༢༡ བར་དུ་བརྒྱད་ནས་དྲུག་སྒོ་བརྒྱབ་ཡོད། འདི་ནི་ ཕྱི་ལོ་ ༡༩༩༠ ལོ་དག་ཏུ་ཨེ་ཤི་ཡའི་ནང་འགྲོ་གྲོན་ཆུང་བའི་སྣུམ་བཟོ་གྲྭ་ཆེན་པོ་གསར་པ་མང་པོ་བཙུགས་པའི་རྐྱེན་གྱིས་ཡིན།
ཨོ་སི་ཊེ་ལི་ཡའི་ཁ་གཏད་ཚོགས་པའི་དབུ་ཁྲིད་ཨེང་གྷ་སི་ཊེ་ཡར་གྱིས་གསར་འགྱུར་འདི་ལ་དགའ་བསུ་ཞུས་ཡོད། ཁོང་གིས་སྣུམ་བཟོ་གྲྭའི་ལས་གཞིའི་ཞིབ་འཇུག་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཅེས་བརྗོད་ཡོད།འོན་ཀྱང་སྐུ་ཞབས་ཊེ་ཡར་གྱིས་ཨལ་བྷ་ནི་སིའི་གཞུང་གིས་འཆར་གཞི་འདི་ཕྱིར་བསྒྲགས་བྱེད་དགོས་ཞེས་བརྗོད་ཡོད།
ཁོང་གིས་ “ངས་བཤད་ཐུབ་པ་ནི་ད་ལྟ་ང་ཚོས་དེ་ལ་ཕལ་ཆེར་གང་ཡང་མཐོང་མེད་པ་དེ་རེད། དེ་ནི་སྔོན་འགྲོའི་ཞིབ་འཇུག་ཞིག་རེད། ང་ཚོས་ལས་གཞི་དེའི་ཁ་ཕྱོགས་གང་དུ་འགྲོ་གི་ཡོད་མེད་བལྟ་རྒྱུ་ཡིན། ང་ཚོར་ངེས་པར་རྒྱལ་ནང་དུ་ས་སྣུམ་མཛོད་མང་དུ་གཏོང་རྒྱུ་དང་། རང་བརྟེན་གྱི་ནུས་པ་ཆེ་རུ་གཏོང་དགོས།” ཅེས་གསུངས།
ནུབ་ཨོ་སི་ཊེ་ལི་ཡའི་སྣུམ་བཟོ་གྲྭའི་ལས་འཆར་དང་ལྷན་དུ་ནུས་རྫསཀྱི་མཁོ་སྤྲོད་བདེ་འཇགས་བཟོ་ཐབས་བྱེད་བཞིན་པའི་སྐབས་སུ། བདུན་འདིར། སིང་ག་པུར་གྱི་རྒྱལ་སྲུང་བློན་ཆེན་ཆན་ཆུན་སིང་གིས་ཨོ་སི་ཊེ་ལི་ཡ་དང་མཉམ་དུ་བཞག་པའི་ནུས་པའི་བདེ་འཇགས་དང་ཚོང་དོན་གྱི་གྲོས་མཐུན་གསར་པ་དེས་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་སྲ་བརྟན་ཡིན་པ་མཚོན་གྱི་ཡོད་ཅེས་བརྗོད་ཡོད།
དཔལ་འབྱོར་གྱི་བརྟན་ལྷིང་དང་ངེས་པར་མཁོ་བའི་མཁོ་སྤྲོད་ཀྱི་གྲོས་མཐུན་དེ་ནི་དེ་སྔོན་ཟླ་བ་བཞི་པར་སྲིད་བློན་ཨན་ཐོ་ནི་ཨལ་བྷ་ནི་སི་སིང་ག་པུར་ལ་ཕེབས་སྐབས་སུ་གཏན་འབེབས་བྱས་པའི་རིན་མེད་ཚོང་འབྲེལ་གྱི་གྲོས་མཐུན་གྱི་ཆ་ཤས་ཤིག་ཡིན་ལ། བློན་ཆེན་སིང་གིས་གྲོས་མཐུན་འདིས་རྒྱལ་ཁབ་གཉིས་ཀར་ཁེ་ཕན་ཡོད་ཅེས་བརྗོད། ཁོང་གིས་"ངས་གནད་དོན་འདི་ལ་ནན་བཤད་བྱེད་འདོད་བྱུང་། སིང་གྷ་པུར་དང་ཨོ་སི་ཊེ་ལི་ཡ་གཉིས་བར་འཐབ་ཇུས་ཀྱི་ཁེ་ཕན་མང་པོ་མཉམ་སྤྱོད་བྱེད་ཀྱི་ཡོད། དེ་དག་གི་གནད་འགག་ནི་ང་ཚོས་ཕན་ཚུན་གཉིས་ཕན་གྱི་ཁ་སྐོང་བྱེད་པ་དང་། འཛམ་གླིང་གནས་སྟངས་ཇེ་རྙོག་ཏུ་འགྲོ་བཞིན་པའི་སྐབས་སུ་ཕན་ཚུན་ལ་བརྟེན་པའི་འཐབ་ཇུས་ཀྱི་དཔལ་འབྱོར་གྱི་གནས་བབས་སྲ་བརྟན་བཟོ་རྒྱུར་ཕན་ཐོགས་ཡོད། ང་ཚོས་བྱེད་སྒོ་མང་པོ་ཞིག་གི་ནང་ནས་དམིགས་ཡུལ་དེ་མངོན་ཐུབ། དེ་ལྟར་ང་ཚོས་ཕན་ཚུན་འཐབ་ཇུས་ཀྱི་ཁྱབ་ཚད་རྒྱ་སྐྱེད་གཏོང་རོགས་བྱེད་པ་དང་། རྒྱལ་ཁབ་གཉིས་ཀ་སྲ་བརྟན་ཡོང་བར་རོགས་རམ་བྱེད་ཀྱི་ཡོད།” ཅེས་བརྗོད།
གྲོས་མཐུན་འདི་ནི་ཉེ་ཆར་སྲིད་བློན་ཨན་ཐོ་ནི་ཨལ་བྷ་ནེ་སི་དང་རྒྱ་གར་གྱི་སྲིད་བློན་ནཱ་རེན་དྷ་མོ་དྷི་གཉིས་ཀྱིས་ཟླ་བ་འདིའི་འགོ་སྟོད་དུ་རྡུལ་ཕྲན་གྲོས་མཐུན་ཞིག་ལ་མཚན་རྟགས་བཀོད་པ་ལྟ་བུ་གྲོས་མཐུན་གཞན་དག་གི་རྗེས་སུ་བྱུང་བ་ཞིག་རེད། རྒྱ་གར་དང་ཨོ་སི་ཊེ་ལི་ཡ་གཉིས་ཀྱིས་ནཱ་རེན་དྷ་མོ་དྷི་ཨོ་སི་ཊེ་ལི་ཡར་ཕེབས་སྐབས་རྡུལ་ཕྲན་དང་། བདེ་འཇགས། རྒྱལ་སྲུང་བཅས་ཀྱི་གྲོས་མཐུན་གསར་པ་མང་པོ་ཞིག་གསལ་བསྒྲགས་བྱས་ཏེ། ལོ་ངོ་བཅུ་ལྷག་ཙམ་གྱི་རིང་ལ་འགོར་བའི་ཚུལ་མཐུན་གྱི་རྡུལ་ཕྲན་བུད་རྫས་འབོར་འདྲེན་ནར་འགྱངས་མཚམས་འཇོག་བྱེད་ཐབས་བྱས་ཡོད།
རྒྱལ་ཡོངས་ཀྱི་ནུས་ཤུགས་བློན་ཆེན་ཁི་རི་སི་བྷོ་ཝེན་གྱིས་རྒྱལ་ནང་གི་རང་བདག་གི་བུད་རྫས་བཟོ་སྐྲུན་ནུས་པ་ལ་མ་འཇོག་བྱེད་པ་ནི་“གོ་རྟོགས་ཡག་པོ་དང་གཟབ་ནན་གྱི་གོམ་པ་ཞིག་ཡིན”ཞེས་བརྗོད་ཡོད། གཟའ་མཇུག་ཏུ་བྷོ་ཝེན་གྱིས་ཨོ་སི་ཊེ་ལི་ཡའི་བུད་རྫས་བང་མཛོད་སྐོར་ལ་མི་མང་ལ་བློ་བདེ་བའི་གནས་ཚུལ་བརྒྱུད་སྤྲོད་བྱས་ཡོད་པ་འདི་ལྟར། “མངོན་གསལ་བཞིན་དཀྱིལ་ཤར་ས་ཁུལ་གྱི་གནས་སྟངས་ད་དུང་ངེས་གཏན་མེད་པ་ཡིན་ནའང་། ཨོ་སི་ཊེ་ལི་ཡའི་མི་མང་ཚོས་ང་ཚོའི་བུད་རྫས་བང་མཛོད་རྣམས་བརྟན་པོ་དང་བདེ་འཇགས་ཡིན་པར་ངེས་གཏན་བྱེད་ཐུབ། དེ་རིང་གི་གཟའ་སྤེན་པའི་ཉིན་གྱི་གནས་ཚུལ་གཞིར་བཞག་ན། ང་ཚོར་ཉིན་ ༤༢ རིང་གི་ས་སྣུམ་དང་། ཉིན་ ༣༨ རིང་གི་རྡོ་སྣུམ། ཉིན་ ༣༢ རིང་གི་གནམ་གྲུའི་བུད་རྫས་བཅས་ཡོད། གྲངས་ཀ་འདི་དག་ཚང་མ་ཟླ་བ་ ༢ ཚེས་ ༢༨ ཉིན་དཀྱིལ་ཤར་ས་ཁུལ་ལ་འབར་རྫས་ཐོག་མ་དེ་འཕངས་པའི་སྐབས་ལས་མང་བ་ཡིན།”
བྷོ་ཝེན་ལགས་ཉེ་ཆར་སི་ཌི་ནི་དུ་ཚོགས་བཅར་ཞུས་པའི་་ནུས་རྫསགཙང་མའི་བཟོ་ལས་ཀྱི་འཐུས་མི ༡,༥༠༠ ལྷག་ཙམ་གྱི་ཁོངས་སུ་ཡོད་ཅིང་། ཁོང་ཚོས་ཨོ་སི་ཊེ་ལི་ཡའི་བསྐྱར་སྤྱོད་ཐུབ་པའི་ནུས་རྫས་ཡར་རྒྱས་སྐོར་ལ་གྲོས་བསྡུར་བྱེད་བཞིན་ཡོད། ཉིན་གཉིས་རིང་གི་ཚོགས་འདུའི་དམིགས་ཡུལ་ནི་གཞུང་དང་བཟོ་ལས་འགོ་ཁྲིད་རྣམས་མཉམ་དུ་བསྡུས་ཏེ། མ་འཇོག་དང་། རྨང་གཞིའི་སྒྲིག་བཀོད། ནུས་རྫསཀྱི་སྲིད་བྱུས་བཅས་ལ་ཞིབ་འཇུག་བྱེད་རྒྱུ་དེ་ཡིན། གཞུང་གིས་ལས་གྲྭ་ཁག་ལ་རང་ཉིད་ཀྱི་བསྐྱར་སྤྱོད་ཐུབ་པའི་ནུས་རྫས་ཀྱི་འགན་ལེན་བྱེད་དགོས་པའི་གསལ་བསྒྲགས་བྱས་རྗེས། རིག་ནུས་ཁང་ཚོས་ཀྱང་ཚོགས་འདུའི་གྲོས་གཞིར་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད།
ནུས་རྫས་གཙང་མའི་ལྷན་ཚོགས་ཀྱི་མགྲིན་ཚབ་པ་ཁི་རི་སི་ཨོ་ཀི་ཧྥི་ཡིས་ཨེ་སི་བྷི་ཨེ་སི་གསར་ཁང་ལ་འཛུགས་བསྐྲུན་དེས་ཨོ་སི་ཊེ་ལི་ཡའི་གནས་ཚུལ་ལྟེ་གནས་ཁང་གི་སྡེ་ཚན་ལ་ནུས་པ་འདོན་ཐུབ་པའི་ཡིད་ཆེས་ཆེན་པོ་ཡོད།
“བཟོ་ལས་པའི་ངོས་ནས། ང་ཚོར་གནས་ཚུལ་ལྟེ་གནས་ཁང་དང་བསྐྱར་སྤྱོད་ནུས་རྫས་བཟོ་ལས་གཉིས་ཀ་མཉམ་དུ་ལས་ཀ་བྱེད་ཐུབ་པའི་ལས་འཆར་འདང་ངེས་ཡོད་པའི་ཡིད་ཆེས་ཆེན་པོ་ཡོད། གནས་ཚུལ་ལྟེ་གནས་ཁང་དང་བསྐྱར་སྤྱོད་ཐུབ་པའི་ནུས་རྫས་བཟོ་ལས་གཉིས་ཀྱི་བར་དུ་འགལ་ཟླ་ཡོད་པའི་གནད་དོན་ཞིག་མིན་པར་དེ་གཉིས་ཕན་ཚུན་ལག་པ་མཉམ་དུ་སྦྲེལ་ནས་ལས་ཀ་བྱེད་ཐུབ།” དེ་དང་ཆབས་ཅིག བུད་རྫས་ཀྱི་སྒོ་ཁྲལ་ཆག་ཡང་དེ་གཟའ་འཇུག་ནས་མཚམས་འཇོག་བྱེད་རྒྱུ་རེད།
པེ་ནི་ཝོང་གིས་སྲིད་གཞུང་གིས་བུད་རྫས་ཀྱི་སྒོ་ཁྲལ་ཆག་ཡང་དེ་མུ་མཐུད་རྒྱུ་མིན་ཞེས་བརྗོད་ཡོད། “སྲིད་བློན་གྱིས་གསུངས་པ་ལྟར། ད་ལྟའི་འཆར་གཞི་ལྟར་ན། ང་ཚོས་བུས་རྫས་ལ་སྒོ་ཁྲལ་ཆག་ཡང་དེ་མུ་མཐུད་རྒྱུ་མིན། ང་ཚོའི་དམིགས་ཡུལ་ནི་ཨོ་སི་ཊེ་ལི་ཡར་བུད་རྫས་དང་ལུད་རྫས་མུ་མཐུད་ནས་ནང་འདྲེན་ཡོང་ཐབས་བྱེད་རྒྱུ་དེ་ཡིན། རྒྱལ་སྤྱིའི་སྤྱི་ཚོགས་ནང་གི་མི་མང་པོ་ཞིག་གིས་འབོད་སྐུལ་བྱེད་པ་ལྟར། ང་ཚོས་འཁྲུག་རྩོད་འདི་མཚམས་འཇོག་ཡོང་རྒྱུར་གྲོས་མོལ་བྱེད་དགོས་པའི་འབོད་སྐུལ་བྱེད་བཞིན་ཡོད། འཁྲུག་རྩོད་འདིས་འཛམ་གླིང་ཡོངས་ལ་ཟང་ཟིང་བཟོས་ཡོད།” ཅེས་གསུངས།






