ཝིག་ཊོ་རི་ཡའི་འཕྲོད་བསྟེན་ལས་ཁུངས་ཀྱིས་ཟླ་བ་ ༢ པའི་འགོ་སྟོད་དུ་སིབ་འབྲུམ་ཀྱི་དོན་རྐྱེན་འཕེལ་རྒྱས་འགྲོ་བཞིན་པའི་གནས་སྟངས་དེ་ཕྱི་རྒྱལ་ལ་འགྲུལ་བཞུད་བྱས་པ་དང་འབྲེལ་བ་ཡོད་པ་དང་། ནད་འབུ་འདི་ཧ་ཅང་འགོས་ཁྱབ་ཆེ་བའི་ནད་གཞི་ཞིག་ཡིན་པའི་ཉེན་བརྡ་བཏང་ཡོད། ཨིན་ཌོ་ནེ་ཤི་ཡ་དང་། ཐེ་ལན་ཌི། རྒྱ་གར་སོགས་ཨོ་སི་ཊེ་ལི་ཡའི་འགྲུལ་བཞུད་པ་འགྲོ་སའི་ས་ཆ་ཁག་ཏུ་འགོས་ཤིན་ཏུ་སླ་བའི་ནད་ཡམས་དེ་ཁྱབ་གདལ་བྱུང་བའི་གནས་ཚུལ་ཐོན་ཡོད།༢༠༢༣ ལོར་ཨོ་སི་ཊེ་ལི་ཡའི་རྒྱལ་སྤྱིའི་ཡུལ་སྐོར་སྤྲོ་འཆམ་འགྲོ་ཡུལ་ཤུགས་ཆེ་ཤོས་ཡིན་པའི་ཨིན་ཌོ་ནེ་ཤི་ཡར་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ ལྟར་ན། ༢༠༢༥ ལོའི་ཟླ་ ༦་ནས་ ༡༡ བར་འགོས་ནད་དེ་ཕོག་པའི་གྲངས་འབོར་མཐོ་ཤོས་བྱུང་ཡོད།
ཨེ་སི་བྷི་ཨེ་སི་གསར་འགྱུར་ཁང་གིས་བཅར་འདྲི་བྱས་པའི་ཆེད་མཁས་པ་གཉིས་ཀྱིས་ཏོག་དབྱིབས་ནད་ཡམས་བཀག་སྡོམ་མཇུག་བསྒྲིལ་རྗེས་རྒྱལ་སྤྱིའི་འགྲུལ་བཞུད་ཇེ་མང་དུ་ཕྱིན་པ་དེ་ཨོ་སི་ཊེ་ལི་ཡའི་ནང་གི་སིབ་འབྲུམ་འགོས་ཁྱབ་ཀྱི་གྲངས་འབོར་འཕར་བའི་རྒྱུ་རྐྱེན་གཅིག་ཡིན་པར་བརྗོད་ཡོད།
ཁོང་ཚོས་ད་དུང་སྨན་ཁབ་ལ་དོགས་པ་བྱེད་པ་དང་། སིབ་འབྲུམ་ཀྱི་གནོད་སྐྱོན་དང་འགོས་ཁྱབ་ཀྱི་ཚད་ཇི་ཙམ་ཆེ་བ་ཡིན་པར་གདེང་འཇོག་མ་བྱས་པ་དེ་རྒྱུ་རྐྱེན་གཞན་ཡིན་པར་བརྗོད་ཡོད།
སིབ་འབྲུམ་རླུང་སྙོམ་འཕྲུལ་ཆས་བརྒྱུད་ནས་ཁྱབ་སྲིད།
འགོས་ནད་ཀྱི་སྨན་པ་དང་སྨན་ལུགས་སྐྱེ་དངོས་རིག་པ་བ་པོལ་གྷི་རི་ཧྥིན་གྱིས་ཨོ་སི་ཊེ་ལི་ཡའི་མི་འགའ་ཤས་ཀྱིས་སིབ་འབྲུམ་ཀྱིས་འཕྲོད་བསྟེན་ལ་གནོད་སྐྱོན་ཇི་ཙམ་བཟོ་ཐུབ་པ་དེ་ཚོད་དཔག་ཐུབ་ཀྱི་མེད་སྐོར་བརྗོད་ཡོད།
"སིབ་འབྲུམ་ཕོག་མཁན་སྟོང་ཕྲག་གཅིག་དང་ཁྲི་གཅིག་གི་ནང་ནས་གཅིག་ལ་ཚབས་ཆེའི་ནད་གཞི་འབྱུང་སྲིད། དེ་ནི་དཔེར་ན་གློ་ཚད་ཚབས་ཆེན་ཞིག་ཡིན་སྲིད་ཅིང་། ཡང་ན་ཀླད་པར་གཉན་ཚད་དང་སྐྲངས་པ་རྒྱས་ནས་འཆི་བའམ་གཏན་དུ་ཐང་པོ་མེད་པར་འགྱུར་སྲིད།"
ཁོང་གིས་ནད་འདི་ཧ་ཅང་ཁྱབ་སླ་བའི་རང་བཞིན་གྱི་སྐོར་ཡང་གསལ་བཤད་གནང་ཡོད།
"དེ་ནི་ཧ་ཅང་འགོས་ཁྱབ་ཆེ་བས་ནད་དེ་ཕོག་མཁན་གྱི་མི་ཞིག་བསྡད་པའི་ས་ཆ་ཞིག་ཏུ་ཆུ་ཚོད་འགའ་ཤས་རྗེས་སུ་མི་ཞིག་སླེབས་ཀྱང་ད་དུང་འགོས་ནད་དེ་ཕོག་སྲིད།
"དེ་ནི་རླུང་སྙོམ་འཕྲུལ་ཆས་བརྒྱུད་ནས་ཁྱབ་སྲིད་པའི་ནད་གཞི་ཞིག་ཡིན་པས་གལ་ཏེ་འཕྲུལ་ཆས་ཀྱི་བརྒྱུད་སྐུད་གཅིག་པ་ཡིན་ན་ཁང་མིག་གཞན་དུ་ཡོད་པའི་མི་རྣམས་ལའང་འགོས་ནད་ཕོག་སྲིད། དེར་བརྟེན་དེ་ནི་རླུང་འགྲོའི་བརྒྱུད་ལམ་ཁག་ནས་ཧ་ཅང་ལས་སླ་པོར་ཁྱབ་སྲིད།"
ཨོ་སི་ཊེ་ལི་ཡའི་སྤྱིར་མཚན་སྨན་པའི་མཐུན་ཚོགས་ཀྱི་ཕྲུ་གུ་དང་ན་གཞོན་གྱི་འཕྲོད་བསྟེན་སྡེ་ཚན་གྱི་འགན་འཛིན་སྨན་པ་ཊིམ་ཇོན་སི་ཡིས་ཀྱང་མོས་མཐུན་གནང་སྟེ། ཨེ་སི་བྷི་ཨེ་སི་གསར་འགྱུར་ཁང་ལ་བརྗོད་དོན། "དེ་ནི་མེ་ཕུང་ལྟར་ཁྱབ་གདལ་འགྲོ་བཞིན་ཡོད་པ་དང་། དེའི་ཁྱབ་ཤུགས་ནི་ཏོག་དབྱིབས་ནད་དུག་ལས་འགོས་ཁྱབ་ཆེ་བ་ཡོད།"
འགོས་ནད་ཚོད་འཛིན་ལྟེ་གནས་ཁང་གིས་བརྗོད་པ་ལྟར་ན། འགོས་ནད་དེ་ནད་འགོག་ནུས་པ་མེད་པའི་མི་བཅུ་ལས་དགུ་ཙམ་ལ་ཕོག་པའི་མི་ཞིག་དང་འབྲེལ་བ་བྱུང་རྗེས་ཀྱང་འགོས་སྲིད།
སྔོན་འགོག་སྨན་ཁབ་ལ་འཛེམ་ཟོན་དང་གནས་ཚུལ་ནོར་བ།
འགོས་ནད་ཚོད་འཛིན་ལྟེ་གནས་ཁང་གིས་སྔོན་འགོག་སྨན་ཁབ་ཐེངས་གཉིས་བརྒྱབ་ན་སིབ་འབྲུམ་འགོས་ཁྱབ་འགོག་པར་བརྒྱ་ཆ་ ༩༩ ནུས་པ་ཐོན་པར་བཤད། ཡིན་ནའང་ཨོ་སི་ཊེ་ལི་ཡའི་ནང་ཕྲུ་གུ་ཚོའི་ཁྲོད་དུ་ཉེ་བའི་ལོ་ཤས་རིང་སྔོན་འགོག་སྨན་ཁབ་རྒྱག་པའི་གྲངས་འབོར་དམའ་རུ་ཕྱིན་ཡོད།

འཕྲོད་བསྟེན་ལས་ཁུངས་ཀྱི་གྲངས་ཐོ་གསར་ཤོས་ལྟར་ན། ལོ་ལྔ་ལོན་པའི་བྱིས་པ་བརྒྱ་ཆ་དགུ་བཅུ་གསུམ་ཙམ་གྱིས་ཁོ་ཚོའི་ལོ་ཚོད་ལ་འོས་པའི་སྔོན་འགོག་སྨན་ཁབ་ཚང་མ་བརྒྱབ་ཟིན་ཡོད་ལ། ལོ་གཉིས་ལོན་པའི་བྱིས་པ་བརྒྱ་ཆ་བརྒྱད་ཅུ་གྱ་དགུ་དང་ཕྱེད་ཀ་ཙམ་གྱིས་སྔོན་འགོག་སྨན་ཁབ་ཆ་ཚང་བརྒྱབ་ཟིན་ཡོད།
འཕྲོད་བསྟེན་ལས་ཁུངས་ཀྱིས་འདས་པའི་ལོ་གསུམ་རིང་རྒྱལ་ཁབ་ཀྱི་སྔོན་འགོག་སྨན་ཁབ་བརྒྱབ་པའི་ཚད་གཞི་དེ་དམིགས་ཡུལ་བརྒྱ་ཆ་དགུ་བཅུ་གོ་ལྔ་ལས་དམའ་བ་ཆགས་ཡོད་པའི་ཉེན་བརྡ་བཏང་ཡོད། དེ་ཡིས་སིབ་འབྲུམ་ལྟ་བུའི་འགོས་ཁྱབ་ཆེ་བའི་ནད་གཞི་དག་སྔོན་འགོག་སྨན་ཁབ་ཀྱིས་ཁྱུ་འགོག་ནུས་པའི་ཚད་གཞི་དེ་ལོན་གྱི་མེད།
ཨོ་སི་ཊེ་རི་ལི་ཡའི་སྨན་པའི་མཐུན་ཚོགས་ཀྱིས་ལོ་སྔོན་མའི་ཟླ་བཅུ་གཉིས་པར་རྒྱལ་ཡོངས་སུ་སྔོན་འགོག་སྨན་ཁབ་རྒྱག་པའི་ཚད་ཉམས་ཆག་འགྲོ་བཞིན་པར་གདོང་ལེན་བྱེད་པའི་ཆེད་དུ་ "འཕྲལ་མར་བྱ་སྤྱོད་སྤེལ་དགོས་པའི་བསྐུལ་མ་" བྱས་ཡོད། པར་ཁུངས། གྷེ་ཊི་པར་རིས།
ཨེ་སི་བྷི་ཨེ་སི་གསར་འགྱུར་ཁང་གིས་བཅར་འདྲི་བྱས་པའི་མཁས་པ་གཉིས་ཀས་སྔོན་འགོག་སྨན་ཁབ་རྒྱག་འདོད་མེད་པ་དེ་འགོས་ནད་ཁྱབ་གདལ་དུ་འགྲོ་བའི་རྒྱུ་རྐྱེན་གཙོ་བོ་ཡིན་པ་བསྟན་ཡོད། གྷི་རི་ཧྥིན་གྱིས་ "མི་རྣམས་ལ་ཐག་གཅོད་ཡང་དག་བྱེད་པ་དང་སྨན་ཁབ་རྒྱག་པར་བསྐུལ་མ་བྱེད་རྒྱུ་ཇེ་དཀའ་རུ་འགྲོ་བཞིན་ཡོད།" ཅེས་བརྗོད་ཡོད།
ཇོན་སི་ཡིས་ཏོག་དབྱིབས་ནད་ཡམས་ཀྱི་དུས་ཡུན་རིང་པོའི་བཀག་སྡོམ་དང་བཀའ་རྒྱ་དེ་དག་གིས་ཨོ་སི་ཊེ་རི་ལི་ཡའི་མི་འགའ་ཤས་ཀྱི་ནང་དུ་སྨན་ཁབ་རྒྱག་རྒྱུར་ཐེ་ཚོམ་བཟོས་ཡོད་པར་བརྗོད་ཡོད།
"ཁྱིམ་ཚང་རྣམས་ཏོག་དབྱིབས་ནད་ཡམས་ཀྱི་རྗེས་སུ་ཡིད་ཐང་ཆད་ཡོད། ཁོང་ཚོ་སྨན་ཁབ་རྒྱག་པའི་ཐད་ལ་བསམ་ཚུལ་མི་འདྲ་བ་བསྟན་པ་དེ་དག་གིས་ཉོབ་ཡོད། དེར་བརྟེན་ཁོང་ཚོ་སིབ་འབྲུམ་གྱི་སྨན་ཁབ་དེ་དེ་ལྟར་བརྗོད་པ་ལྟར་གལ་ཆེན་པོ་ཡིན་མིན་ཐད་དོགས་པ་ཡོད།"
ཇོན་སི་ཡིས་ཁོང་ཉིད་སྨན་པ་ཞིག་ཡིན་པའི་ཉམས་མྱོང་ལྟར་ན། ཁྱིམ་མི་རྣམས་དང་ལྷན་དུ་བསྡད་དེ་ནད་གཞི་དེའི་ཉེན་ཁ་དང་འབྲེལ་བའི་སྐོར་ལ་གྲོས་མོལ་བྱས་པ་དེས་མི་མང་ཆེ་བའི་བསམ་བློ་འགྱུར་བ་བཏང་ཡོད།
ཁོང་གིས་"རང་ཉིད་སྨན་པ་ཞིག་ཡིན་པའི་ངོས་ནས་ཁྱིམ་ཚང་དེ་དག་ལ་ཏོག་དབྱིབས་ནད་དུག་གི་གནས་སྟངས་གང་འབྱུང་བཞིན་པ་དེ་མྱུར་དུ་འགྱུར་བ་འགྲོ་བཞིན་ཡོད་པ་དང་། སིབ་འབྲུམ་ལྟ་བུའི་གཉན་སྲིན་གྱི་ནད་གཞི་དེ་ཡུན་རིང་པོར་གནས་ཡོད་པ་དང་། ང་ཚོས་དེའི་སྐོར་ལ་ཤེས་རྟོགས་ཟབ་མོ་ཡོད་པ་མ་ཟད། ང་ཚོས་བེད་སྤྱོད་བྱེད་བཞིན་པའི་སྔོན་འགོག་སྨན་ཁབ་དེ་ཡང་དུས་ཡུན་རིང་པོར་བེད་སྤྱོད་བྱས་ཡོད་པ་དང་། ང་ཚོས་དེ་དག་གང་ཡིན་པ་ཤེས་ཀྱི་ཡོད་པ་སོགས་ཤེས་སུ་འཇུག་དགོས་"ཞེས་བརྗོད།

ཁྱབ་གདལ་ཆེན་པོ་རྩ་འགོག་དང་ནད་གྲངས་ལྡབ་གསུམ་གྱི་འཕར་དོན།
ཕྱི་ལོ་ ༡༩༩༤ ལོར་ཨོ་སི་ཊེ་ལི་ཡར་སིབ་འབྲུམ་ཕོག་པའི་མི་གྲངས་ ༤༧༩༤ བྱུང་ཡོད། ལོ་དེར་བྱིས་པ་ལོ་ན་ ༡༠ ནས་ ༡༦ བར་ལ་སྨན་ཁབ་ཐེངས་གཉིས་བརྒྱབ་པའི་ལས་གཞི་འགོ་བཙུགས་པ་རེད།
ཨོ་སི་ཊེ་ལི་ཡའི་འགོས་ནད་འབྲེལ་འཐུད་ཁང་གི་བརྗོད་པ་ལྟར་ན་ཐོག་མར་སྨན་ཁབ་བརྒྱབ་ཚད་དམའ་པོ་ཡོད་ཀྱང་། ཕྱི་ལོ་ ༢༠༠༠ ལོར་ནད་དུག་གི་འཁོར་རྒྱུག་ཉུང་དུ་གཏོང་ཐུབ་པའི་ཚད་གཞི་འདང་ངེས་བྱུང་ཡོད།
འགོས་ནད་ཚོད་འཛིན་ལྟེ་གནས་ཁང་གིས་བརྗོད་གསལ་ལ་འགོས་ནད་སྨན་ཁབ་བརྒྱབ་ཐེངས་གཉིས་ཀྱིས་ནད་གཞི་དང་། ནད་རིགས་ཚབས་ཆེན་ལས་སྲུང་སྐྱོབ་བྱེད་པའི་ནུས་པ་བརྒྱ་ཆ་༩༩ ཡོད་པ་རེད།
སིབ་འབྲུམ་ན་སྐབས་རྒྱུན་པར་ཚ་བ་རྒྱས་པ་དང་སྣ་ཆུ་འཛག་པ་ལྟ་བུའི་འཆམ་ནད་དང་མཚུངས་པའི་ནད་རྟགས་ཡོང་གི་ཡོད་ཀྱང་། ཤ་འབྲུམ་དང་། གློ་རྒྱག་པ། མིག་གི་གཉན་ཚད་བཅས་པ་ནི་སིབ་འབྲུམ་ངོས་འཛིན་བྱེད་པའི་རྟགས་མཚན་མངོན་གསལ་ཅན་རྣམས་ཡིན།
ཕྱི་ལོ་ ༡༩༩༤ ནས་བཟུང་ཨོ་སི་ཊེ་ལི་ཡའི་མི་མང་ཆེ་བར་རྒྱལ་ཡོངས་ནད་འགོག་ལས་རིམ་ནང་ཚུད་པའི་སྔོན་འགོག་སྨན་ཁབ་ཐོབ་ཡོད།
སྔོན་འགོག་སྨན་ཁབ་ཀྱི་ནུས་པ་ལ་བརྟེན་ནས་རྒྱུན་གནས་སིབ་འབྲུམ་འགོས་ནད་ཀྱི་རིགས་ལོ་མང་རིང་ཁྱབ་གདལ་མ་བྱུང་བས་ཕྱི་ལོ་ ༢༠༡༤ ལོར་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱིས་ཨོ་སི་ཊེ་ལི་ཡར་སིབ་འབྲུམ་རྩ་མེད་བཟོས་པའི་ཁྱབ་བསྒྲགས་བྱས་ཡོད།
འོན་ཀྱང་ཨོ་སི་ཊེ་ལི་ཡར་སིབ་འབྲུམ་ཕོག་མཁན་མུ་མཐུད་འབྱུང་བཞིན་ཡོད་པ་དང་། དེ་དག་གཙོ་བོ་ཕྱི་རྒྱལ་ལ་འགྲོ་མཁན་ཚོའི་ཁྲོད་དུ་འབྱུང་བཞིན་ཡོད།
"ང་ཚོས་ངོས་འཛིན་དགོས་པ་ཞིག་ནི་ཨོ་སི་ཊེ་ལི་ཡའི་སིབ་འབྲུམ་གྱི་སྔོན་འགོག་སྨན་ཁབ་ཀྱི་བརྒྱ་ཆ་༩༥ ལས་མང་བ་རྒྱུན་ཆད་མེད་པར་བརྟན་པོ་ཡོད་པ་དེས་ནད་དེ་ཕོག་མཁན་གྱི་གྲངས་འབོར་ཉུང་དུ་གཏོང་ཐུབ་པ་དེ་རེད། གྲངས་འབོར་དེ་ལོ་རེ་བཞིན་ཉུང་དུ་འགྲོ་བཞིན་ཡོད།"
"སྔ་ལོར་ང་ཚོས་ཨོ་སི་ཊེ་ལི་ཡར་སིབ་འབྲུམ་ཕོག་མཁན་གྱི་གྲངས་ཚད་ལྡབ་གསུམ་འཕར་བ་མཐོང་ཡོད་པ་དེས། ད་ལྟ་འབྱུང་བཞིན་པའི་གནས་སྟངས་ཐད་མ་མཐར་ཡང་སེམས་འཚབ་ཅུང་ཟད་ཅིག་བྱེད་དགོས་ཀྱི་་འདུག་དྲན" ཞེས་ཇོན་སི་ཡིས་གསུངས།





