༄༅།། སྔ་ལོར་ཚད་ནད་ཀྱི་ནམ་དུས་སུ་ནད་དུག་གི་ཁྱབ་ཚད་ཆེས་མཐོ་ཤོས་སུ་སླེབས་པར་གཞིགས་ཏེ། ཉེ་དུས་སུའུ་པར་ཀེའི་ཚད་ནད་ཁྱབ་ཚད་འཕར་བཞིན་པར་ཆེད་མཁས་པ་ཚོས་སེམས་འཚབ་བྱེད་ཀྱིན་ཡོད། News

supper k.png

འགོས་ནད་ཆེད་མཁས་པ་ཚོས་ཡང་བསྐྱར་ན་ནིང་ལྟར་ཆམ་རིམས་ཀྱིས་རྐྱེན་པས་ཨོ་སི་ཊེ་ལི་ཡར་འཆི་སྐྱོན་འབོར་ཆེན་མི་ཡོང་བའི་ཆེད་དུ་མི་ཚང་མས་ཆམ་རིམས་ཀྱི་སྔོན་འགོག་སྨན་ཁབ་རྒྱག་དགོས་པའི་སྐུལ་མ་བྱེད་ཀྱི་ཡོད། Credit: པར་ཁུངས། ཨི་པི་ཨེ།

ཁྱབ་ཚད་མྱུར་བའི་ཚད་ནད་ཀྱི་བྱེ་བྲག་ཅིག་གི་རྐྱེན་གྱིས་ཨོ་སི་ཊེ་ལི་ཡར་ཚད་ནད་ཀྱི་ནམ་དུས་སྔར་དང་མི་འདྲ་བར་སྔ་པོར་འགོ་ཚུགས་ཡོད།


བསྡུས་དོན།

  • འདས་ལོར་ཨོ་སི་ཊེ་ལི་ཡར་མི་ ༡,༧༠༠ ལྷག་ཆམ་རིམས་ཀྱི་རྐྱེན་པས་འདས་གྲོངས་སུ་གྱུར་བ་དེ་ནི་ལོ་རྒྱུས་ཐོག་ཆམ་རིམས་ཀྱི་ནམ་དུས་སྡུག་ཤོས་དེ་ཆགས་ཡོད།
  • ད་ལྟ་ནས་ཆམ་རིམས་ཀྱི་སྔོན་འགོག་སྨན་ཁབ་རག་གི་ཡོད་པ་དེ་ནི་ཟླ་བཞི་པ་དང་ལྔ་པའི་ནང་ཆམ་རིམས་ཀྱི་ནམ་དུས་སྡུག་ཤོས་མ་སླེབས་གོང་སྲུང་སྐྱོབ་ཐོབ་པའི་དུས་ཚོད་ཡག་ཤོས་དེ་ཡིན།

འགོས་ནད་ཀྱི་ཆེད་ལས་མཁས་པ་ཚོས་མི་ཚང་མས་ཚད་ནད་ཀྱི་སྔོན་འགོག་སྨན་ཁབ་རྒྱག་དགོས་པའི་སྐུལ་མ་བྱེད་བཞིན་ཡོད། རྒྱུ་མཚན་ནི་མགྱོགས་མྱུར་ཁྱབ་གདལ་འགྲོ་བཞིན་པའི་ཚད་ནད་ཀྱི་རིགས་ཤིག་ཡོད་པ་དང་། དེར་ཡན་ལག་རིགས་ཀེའི་ཡང་ན་སུའུ་པར་ཀེའི་ཞེས་འབོད་ཀྱི་ཡོད།

ཆེད་མཁས་པ་ཚོས་ཉེན་བརྡ་གཏོང་བཞིན་པ་ལྟར་ན། ཚད་ནད་ཀྱི་རིགས་འདི་ད་ལྟ་སྤྱི་ཚོགས་ནང་ཁྱབ་གདལ་འགྲོ་བཞིན་ཡོད་པ་དང་། ལོ་ ༥༠ ཡན་གྱི་མི་རྣམས་ཉེན་ཁ་ཆེ་ཤོས་སུ་ཡོད།

ན་ནིང་ཨོ་སི་ཊེ་ལི་ཡར་ཚད་ནད་ཕོག་མཁན་ ༥༠༠,༠༠༠ ལྷག་བྱུང་ཡོད་པ་དང་། འདི་ལོར་ད་ལྟ་ནས་ཚད་ནད་ཕོག་མཁན་ ༢༤,༠༠༠ ལྷག་བྱུང་ཡོད། འདི་ནི་ཆམ་ནད་ཀྱི་ནམ་དུས་མ་སླེབས་གོང་གི་གྲངས་ཚད་ཡིན།

སྔ་ལོར་ཨོ་སི་ཊེ་ལི་ཡའི་ནང་དུ་ཆམ་རིམས་ཀྱི་རྐྱེན་པས་མི་གྲངས་ ༡,༧༣༨ འདས་གྲོངས་སུ་གྱུར་ཡོད་པ་དེ་ནི་གྲངས་ཐོ་ཚད་མཐོ་ཤོས་དེ་ཆགས་ཡོད།

བྷི་རི་སི་བྷན་གྱི་མཱ་ཊར་རུ་འགོས་ནད་རིག་པའི་འགན་འཛིན་པོལ་གྷི་རི་ཕིན་གྱིས་བརྗོད་པ་ལྟར་ན། མི་ཚང་མས་སུའུ་པར་ཀེའི་འགོག་སྲུང་ཆེད་ཆམ་རིམས་ཀྱི་སྔོན་འགོག་སྨན་ཁབ་ངེས་པར་དུ་རྒྱག་དགོས།

ཁོང་གིས་འགྲེལ་བཤད་གནང་དོན། སྨན་ཁབ་དེ་ལོ་སྔོན་མ་དང་བསྡུར་ན་འགྱུར་བ་འགྲོ་བཞིན་པའི་ནད་དུག་གི་རིགས་ལ་སྲུང་སྐྱོབ་ཁྱབ་ཆེ་བ་ཡོད་པ་རེད།

ཁོང་གིས་"ལོ་ལྟར་བཞིན་ང་ཚོས་སྨན་ཁབ་དེ་གསར་སྒྱུར་བྱས་ཡོད། འགྱུར་བ་འགྲོ་བཞིན་པའི་གློ་ཚད་ཀྱི་རིགས་མི་འདྲ་བ་ཁག་བཅུག་ཡོད་པ་དེས་འབྱུང་འགྱུར་མངོན་སྲིད་པའི་ཚད་ནད་ཁག་ལས་སྲུང་སྐྱོབ་ཡག་ཤོས་སྤྲོད་རྒྱུ་རེད།" ཅེས་ཨེ་སི་བྷི་ཨེ་སི་གསར་ཁང་ལ་གསུངས་ཡོད།

"དེ་དང་བསྟུན་ནས་སྨན་ཁབ་དེ་གསར་སྒྱུར་བྱས་ཡོད་པས་ད་ལོ་སྔོན་འགོག་སྨན་ཁབ་རྒྱག་རྒྱུ་སྔར་ལས་གལ་ཆེ་བ་ཡིན་སྲིད། "

གྷི་རི་ཕིན་གྱིས་གསུངས་དོན། ཏོག་དབྱིབས་ནད་དུག་གི་རིམས་ནད་འགོ་བརྩམས་པ་ནས་བཟུང་སྟེ་སྨན་ཁབ་རྒྱག་པའི་ཚད་གཞི་ཇེ་ཉུང་དུ་ཕྱིན་པའི་རྐྱེན་གྱིས་ཚད་ནད་ཕོག་པའི་གྲངས་འབོར་དེ་འོས་འཚམ་ལས་མཐོ་བ་ཡོད་པ་རེད།

"ཁོང་གིས་གསུངས་དོན། 'གྲངས་ཐོ་དེ་དག་ནི་སེམས་ཁྲལ་སྐྱེ་གཞི་ཆེན་པོ་ཞིག་ཡིན་པ་དང་། དེའི་ཆ་ཤས་ཤིག་ནི་ཡན་ལག་ཀེའི་ཡང་ན་སུའུ་པར་ཀེའི་ཡི་ཁྱབ་གདལ་ཡིན་མོད། དེའི་ཆ་ཤས་ཆེན་པོ་ཞིག་ནི་སྔོན་འགོག་སྨན་ཁབ་རྒྱག་མཁན་ཉུང་དུ་འགྲོ་བ་དེ་ཡིན།ང་ཚོས་ཆམ་ནད་དེ་དངོས་སུ་ཚོད་འཛིན་བྱེད་མི་ཐུབ་ཀྱང་། སྔོན་འགོག་སྨན་ཁབ་རྒྱག་ཚད་ཇེ་མཐོར་གཏོང་བ་དང་། འགོས་ཁྱབ་ཉུང་དུ་གཏོང་ཐབས་བྱས་ནས་ནད་གཞིའི་ཚབས་ཆེ་ཚོད་འཛིན་བྱེད་ཐུབ།' ཁོང་གིས་བསྣན་དོན། 'སྔོན་འགོག་སྨན་ཁབ་སྐོར་གྱི་གནས་ཚུལ་རྫུན་མ་དང་མགོ་སྐོར་གཏོང་བའི་གནས་ཚུལ་དེ་དག་ནི་སྔོན་འགོག་སྨན་ཁབ་རྒྱག་ཚད་དམའ་བའི་རྒྱུ་རྐྱེན་གྱི་ཆ་ཤས་ཤིག་ཡིན།"

"ནད་འབུ་འདི་ནི་རིགས་འགྱུར་འགྲོ་མཁན་ཞིག་རེད།

སིཌ་ནི་གཙུག་ལག་སློབ་གྲྭ་ཆེན་མོའི་ནད་འབུ་འགོས་ཁྱབ་ཆེད་ལས་དང་བྱིས་པའི་སྨན་པ་རོ་བྷར་ཊེ་བོ་ཡིས་བརྙན་འཕྲིན་བརྒྱུད་ལམ་དགུ་པར་གསུངས་དོན། ཚད་ནད་སུའུ་པར་ཀེའི་ཡི་རིགས་འདི་ཁྱབ་གདལ་འགྲོ་ཚད་ཧ་ཅང་མྱུར་བས་དེ་ནི་མི་མང་གི་འཕྲོད་བསྟེན་ལ་ཉེན་ཁ་ཞིག་རེད།

"ཚད་ནད་ཡན་ལག་ཀེའི་དེ་རིགས་འགྱུར་བྱེད་མཁན་ཞིག་ཡིན་པས་ཁྱབ་གདལ་འགྲོ་སླ་རུ་ཕྱིན་ཡོད། སྤྱིར་བཏང་ནད་ཚབས་ལྗི་བ་མེད་ཀྱང་ཁྱབ་ཚད་ཤུགས་ཆེ་བ་དེས་རང་བཞིན་གྱིས་ནད་གཞི་དེ་ཉེན་ཚབས་ཆེ་བར་སྣང་གི་ཡོད།" ན་ནིང་ལོ་ན་ ༦༥ ཡན་གྱི་མི་གྲངས་བརྒྱ་ཆ་ ༦༠.༥ ལ་སྔོན་འགོག་སྨན་ཁབ་བརྒྱབ་ཡོད་པ་དང་། ལོ་ན་ ༥༠ ནས་ ༦༥ བར་གྱི་མི་གྲངས་བརྒྱ་ཆ་ ༣༢.༣ ལ་སྔོན་འགོག་སྨན་ཁབ་བརྒྱབ་ཡོད།"

སྨན་ཁབ་བཟོ་སྐྲུན་བྱེད་མཁན་སི་ཨེ་སི་ཨལ་སི་ཁི་ར་སི། CSL Seqirus ཡི་སྨན་ཁབ་འགན་འཛིན་ཇུལ་སི་བྷེ་ལི་སི་ཡིས་བརྙན་འཕྲིན་བརྒྱུད་ལམ་༧ ལ་ལོ་ན་ ༥༠ ཡན་གྱི་མི་རྣམས་ནད་གཞི་དེ་འགོས་པའི་ཉེན་ཁ་ཆེ་ཤོས་ཡིན་པ་དང་། ཁོང་ཚོར་སྨན་ཁབ་ཀྱིས་འགོག་ནུས་ཆ་ཚང་འཇུ་མི་ཐུབ་པའི་ཉེན་ཁ་ཡང་ཡོད་ཅེས་བཤད། གྷི་རི་ཕིན་གྱིས་མི་རྣམས་ཀྱིས་འདི་ལོའི་ཆམ་ནད་ཀྱི་ནམ་དུས་སྐབས་དུས་ཐོག་སྨན་པ་དང་སྨན་ཚོང་པའི་ལམ་སྟོན་ཞུ་དགོས་པའི་སྐུལ་མ་གནང་། ཁོང་གིས་ནད་པ་ཡིན་ན་ནང་དུ་སྡོད་དགོས་པ་དང་། ཉེན་ཁ་ཆེ་བ་དང་ནད་གཞི་ཚབས་ཆེན་ཡོད་མཁན་ཚོས་བརྟག་དཔྱད་བྱས་ཏེ་ནད་འགོག་སྨན་བཟའ་དགོས་ཞེས་གསུངས། གལ་ཏེ་ང་ཚོས་དེ་ལྟར་དུས་ཐོག་ཏུ་ལག་བསྟར་ཐུབ་ན་ནམ་དུས་གང་འདྲ་ཞིག་ཡིན་རུང་ཚད་ནད་ཀྱི་ཤུགས་རྐྱེན་ཆུང་དུ་འགྲོ་བར་མཐོང་ཐུབ། ད་ལྟ་ནས་ཆམ་ནད་ཀྱི་སྨན་ཁབ་ཐོབ་ཐུབ་པ་དང་། ཟླ་བ་བཞི་པ་དང་ལྔ་པ་ནི་ཆམ་ནད་ཀྱི་ནམ་དུས་སྡུག་ཤོས་མ་སླེབས་གོང་སྲུང་སྐྱོབ་བྱེད་པའི་དུས་ཚོད་ཡག་ཤོས་ལ་ངོས་འཛིན་བྱེད་ཀྱི་ཡོད།།


Share

Download our apps

Watch on SBS

SBS World News

Take a global view with Australia's most comprehensive world news service

Watch now