ཨོ་སི་ཊེ་ལི་ཡའི་མི་རྣམས་ལ་རང་ཉིད་ཀྱི་རྒས་ཡོལ་འཐོབ་ཆའི་རྩིས་གཞུང་ལ་ཞིབ་གཤེར་གྱིས་སྦྱིན་བདག་གིས་རང་ཉིད་བཅོམ་གྱི་མེད་པ་ངེས་ཏན་བྱེད་དགོས་པའི་འབོད་སྐུལ་བྱས་ཡོད། གྲངས་ཐོ་གསར་པར་གཞིགས་ན། ལས་བཟོ་བ་འགའ་ཞིག་ལ་ལོ་ལྟར་རྒས་ཡོལ་ཐོབ་ཆ་ཨོ་སྒོར་བརྒྱ་ཕྲག་མང་པོ་སྤྲོད་ཀྱི་མེད་པ་གསལ་ཡོད།
རྒས་ཕོགས་ལྷན་ཚོགས་ཀྱིས་ཨོ་སི་ཊེ་ལི་ཡའི་དཔྱ་ཁྲལ་ལས་ཁུངས་ཀྱི་གྲངས་ཐོར་དཔྱད་ཞིབ་ཀྱིས་གནས་ཚུལ་གསར་པ་བཏོན་ཡོད་པ་དེའི་ནང་གསལ། ཨོ་སི་ཊེ་ལི་ཡའི་ལས་བཟོ་བའི་བཞི་ཆ་གཅིག་ལ་ ༢༠༡༨ ནས་ ༢༠༢༣ བར་དུ་ཁྱོན་བསྡོམས་ཨོ་སྒོར་ཐེར་འབུམ་ ༢༤ ཡི་གྱོང་གུན་ཕོག་ཡོད་པའི་གནས་སྟངས་བྱུང་ཡོད།
རྒས་ཕོགས་ལྷན་ཚོགས་ཀྱིས་གྲངས་འབོར་དེ་དག་མངའ་སྡེ་དང་ས་ཁུལ་ལྟར་དབྱེ་ཞིབ་བྱས་པར། དེ་དག་གི་ནང་དུ་ནིའུ་སའོ་ཐ་ཝལ་སི་ནང་ལོ་ལྔའི་ཁྲོད་རྒས་ཕོགས་ཉུང་བ་སྤྲད་པའི་གནས་སྟངས་མཐོ་ཤོས་ཡིན་པ་དང་། ཁྱོན་བསྡོམས་ཨོ་སྒོར་ཐེར་འབུམ་ ༨.༡ ཆད་ཡོད། དེ་ལས་མངའ་སྡེ་དེའི་ནང་ལོ་ལྟར་མི་རེ་རེར་ཆ་སྙོམས་ཐོག་ཨོ་སྒོར་ ༡,༧༨༠ ཆད་ཡོད་པ་གསལ་ཡོད།
ཝིག་ཊོ་རི་ཡ་ནི་ཆད་བསྡད་པའི་རྒས་ཕོགས་ཀྱི་གྲངས་ཚད་མཐོ་ཤོས་གཉིས་པ་ཡིན་པ་དང་། ཁྱོན་བསྡོམས་ཨོ་སྒོར་ཐེར་འབུམ་ ༦.༡ གི་ཚད་ཡིན། ལོ་ལྟར་མི་རེ་རེར་ཆ་སྙོམས་ཐོག་ཨོ་སྒོར་ ༡,༦༦༠ རེ་ཆད་ཡོད།
བྱང་ཕྱོགས་ས་ཁུལ་དུ་རྒས་ཕོགས་མ་སྤྲད་པའི་གནས་སྟངས་སྡུག་ཤོས་ཡིན་པ་དང་། དེར་མི་རེ་རེར་ལོ་ལྟར་ཆ་སྙོམས་ཐོག་ཨོ་སྒོར་ ༢,༡༤༠ རེ་ཆད་པ་གསལ་ཡོད།།
མངའ་སྡེ་ཚང་མའི་ནང་དུ་ཆ་སྙོམས་ཐོག་ལོ་ལྟར་མི་རེ་རེར་ཨོ་སྒོར་ ༡,༧༣༠ རེའི་ཆད་ཡོད་པ་དང་། རྒས་ཕོགས་ལྷན་ཚོགས་ཀྱིས་གྲངས་འབོར་དེ་ཡིས་རྒས་ཡོལ་གྱི་སྐབས་སུ་གྱོང་གུན་ཆེན་པོ་ཕོག་ཀྱི་ཡོད།
རྒས་ཕོགས་ལྷན་ཚོགས་ཀྱི་འགན་འཛིན་མི་ཤ་ཤུ་བྷར་ཊི་ཡིས་སྤྲོད་རྒྱུར་ལྷག་པའི་རྒས་ཡོལ་འཐོབ་ཆ་ནི་མངོན་གསལ་མེད་པའི་ཐོག་གླ་ཕོགས་ཉུང་དུ་བཏང་བ་དང་མཚུངས་པ་ཡིན་པ་དང་། ལོ་གཅིག་གི་ནང་དུ་ཨོ་སྒོར་ ༡,༧༣༠ ཙམ་མ་ཐོབ་པའི་མི་ཞིག་ལ་གྱོང་གུན་དེ་རྒས་ཡོལ་གྱི་སྐབས་སུ་ཨོ་སྒོར་ ༣༠,༠༠༠ ལྷག་ལས་མང་བ་ཡོང་སྲིད།" ཅེས་བརྗོད་ཡོད།
"རྒས་ཡོལ་ཐོབ་ཆ་མ་སྤྲད་པའི་གྱོང་གུན་ཆེ་ཤོས་ནི་བུད་མེད་དང་། ལས་བཟོ་བ་གཞོན་པ། ཡོང་འབབ་དམའ་བའི་མི་རྣམས་ཡིན།"
འོན་ཀྱང་གྲངས་ཚད་འདི་དག་ནི་སྔོན་གྱི་ལོ་དུས་དང་བསྡུར་ན་ཡར་རྒྱས་ཕྱིན་པ་ཞིག་ཡིན། རྒས་ཕོགས་ལྷན་ཚོགས་ཀྱི་ ༢༠༢༡-༢༢ ལོའི་གནས་ཚུལ་ལྟར་ན། རྒས་ཡོལ་འཐོབ་ཆ་མ་སྤྲད་པའི་ལས་མི་རེ་རེར་ལོ་ལྟར་ཆ་སྙོམས་ཐོག་ཨོ་སྒོར་ ༡,༨༡༠ གྱོང་གུན་ཕོག་ཡོད།
རྒས་ཡོལ་ཐོབ་ཆ་སྤྲོད་རྒྱུའི་ལམ་ལུགས་ལ་འགྱུར་བ་ཇི་ལྟར་འགྲོ་བཞིན་ཡོད་པ།

གླ་ཕོགས་སྤྲོད་པའི་ཉིན་གྱི་རྒས་ཡོལ་འཐོབ་ཆའི་ཁྲིམས་གསར་གཞིར་བཟུང་ཕྱི་ལོ་ ༢༠༢༦ ལོའི་ཟླ་བ་ ༧ ཚེས་ ༡ ནས་བཟུང་། སྦྱིན་བདག་ཚོས་ལས་བཟོ་བའི་རྒས་ཡོལ་ཐོབ་ཆའི་འབབ་དངུལ་དེ་གླ་ཆ་དང་མཉམ་དུ་སྤྲོད་དགོས་པ་ལས་ཟླ་བཞི་རེ་སྒུག་དགོས་ཀྱི་མེད།
དཔལ་འབྱོར་ལྷན་ཁང་གིས་འགྱུར་བ་འདིས་ཧ་ལམ་ལས་མི་ས་ཡ་ ༡.༣ ཙམ་གྱི་རྒས་ཡོལ་ཐོབ་ཆའི་གྲངས་ཚད་འཕར་རྒྱུར་ཤུགས་སྣོན་རྒྱག་ཐུབ་པ་དང་། དེའི་ཁྲོད་ནས་ཕལ་ཆེ་བ་ནི་བུད་མེད་དང་ལོ་ན་ ༣༠ མན་གྱི་མི་རྣམས་ཡིན་པར་ཚོད་དཔག་བྱས་ཡོད།
དཔལ་འབྱོར་ལྷན་ཁང་གི་འགན་འཛིན་ཇིམ་ཁེ་ལེ་མར་སི་ཡིས་ཁྲིམས་གསར་པ་འདི་ནི་ལོ་ ༢༥ ཅན་གྱི་ལས་མི་ཞིག་ལ་རྒས་ཡོལ་གྱི་དངུལ་གསོག་ལ་ཨོ་སྒོར་ ༦,༠༠༠ ཙམ་གྱི་འཕར་ཆ་བྱུང་བ་དང་མཚུངས་པ་ཡིན་པར་བརྗོད་ཡོད།
རྒས་ཕོགས་ལྷན་ཚོགས་ཀྱིས་འགྱུར་བ་འདི་ནི་ལས་མི་དང་སྦྱིན་བདག་གཉིས་ཀར་"གཏིང་འོག་བརྗེ་བའི་བཅོས་འགྱུར་"ཞིག་ཡིན་པར་བརྗོད་ཡོད།
"དུས་ཡུན་རིང་པོ་ཞིག་གི་རྗེས་སུ་གླ་ཆ་དང་མཉམ་དུ་རྒས་ཡོལ་འཐོབ་ཆ་སྤྲོད་པའི་འགྱུར་བ་འདིས་གླ་ཆ་ཉུང་བ་སྤྲོད་པའི་གནས་སྟངས་མངོན་གསལ་དོད་པོ་བཟོ་བ་དང་། དེ་དག་ལ་བཅོས་སྒྲིག་བྱེད་པ་ནི་དེ་སྔོན་ལས་ལས་སླ་རུ་བཏང་བ་དང་། སྦྱིན་བདག་ཚོས་རང་ཉིད་ཀྱི་ལས་མིར་གསང་བ་བྱེད་རྒྱུ་ཧ་ཅང་དཀའ་རུ་གཏོང་གི་རེད། དེ་དང་ཆབས་ཅིག་ཏུ་ལས་མིར་གླ་ཕོགས་དུས་ཐོག་སྤྲོད་མཁན་སྦྱིན་བདག་རྣམས་ལ་འདྲ་མཉམ་གྱི་འགྲོ་ལུགས་ཤིག་ཆགས་ཀྱི་ཡོད།" ཅེས་ཤུ་བྷར་ཊི་ཡིས་བརྗོད་ཡོད།
ན་ནིང་ལོའི་ཁྲིམས་གསར་པ་འདིས་ལས་མི་ཚོར་ལས་གནས་གསར་པ་འགོ་འཛུགས་སྐབས་སུ་རྒས་ཡོལ་འཐོབ་ཆ་གསོག་རྒྱུའི་རྩིས་ཁྲ་མང་པོ་ཡོང་བ་སྔོན་འགོག་བྱེད་པའི་ཐབས་ལམ་མེད་པ་དང་། རྒས་ཡོལ་འཐོབ་ཆའི་རྩིས་ཁྲ་མང་པོ་ཡོད་པ་དེས་མི་སྒེར་ལ་ཡོང་འབབ་མང་པོ་གྱོང་གུན་བཟོ་སྲིད་པའི་སེམས་ཁྲལ་བྱུང་ཡོད།
ཚོང་ཟོག་ཉོ་མཁན་གྱི་ཚོགས་པ་ཁག་གིས་རྒས་ཡོལ་ཐོབ་ཆ་གསོག་བྱའི་རྩིས་ཁྲ་མང་པོ་དེས། ལས་མི་ཚོར་རྒས་ཡོལ་གྱི་ཡོང་འབབ་དངུལ་སྒོར་ཁྲི་ཕྲག་མང་པོ་གྱོང་གུན་བཟོ་ཐུབ་པར་བརྗོད་ཡོད།
འོན་ཀྱང་འདི་ལོའི་ལོ་སྟོད་དུ་གསལ་བསྒྲགས་བྱས་པའི་ཁྲིམས་གསར་པ་དེ་དག་གིས་ལས་མི་ཚོར་ལས་གནས་གསར་པ་འགོ་འཛུགས་སྐབས་སུ་རྒས་ཕོགས་གསོག་བྱའི་རྩིས་ཁྲ་གཅིག་ལས་མང་བ་ཡོང་བ་སྔོན་འགོག་བྱེད་པའི་སྤྱི་བའི་བཀག་སྡོམ་ཞིག་ཚུད་ཡོད། དེ་ནི་ལས་མི་ཚོར་ལས་ཀར་ཐོག་མར་ཞུགས་སྐབས་ཁེ་ཕན་ཆུང་བའི་རྒས་ཕོགས་བྱེ་བྲག་ཅིག་ངོ་སྦྱོར་བྱེད་པ་སྔོན་འགོག་བྱེད་ཆེད་ཡིན།
ཁྲིམས་གསར་པ་དེ་དག་གིས་ད་དུང་རྒས་ཕོགས་ཀྱི་ཡོང་འབབ་ལ་ཁྲལ་གྱི་ཚད་གཞི་མཐོ་རུ་གཏོང་བ་ཡང་ཚུད་ཡོད། དེ་ནི་རྒས་ཕོགས་ཀྱི་གསོག་དངུལ་ཨོ་སྒོར་ས་ཡ་ ༣ ལས་མང་བ་ཡོད་མཁན་ཚོར་ཡིན། ཕྱི་ཟླ་ ༧ ཚེས་ ༡ ནས་བཟུང་ཁྲལ་དེ་བརྒྱ་ཆ་ ༡༥ ནས་བརྒྱ་ཆ་ ༣༠ བར་དུ་ལྡབ་གཉིས་སུ་འཕར་གྱི་ཡོད།།





