Watch FIFA World Cup 2026™

LIVE, FREE and EXCLUSIVE starting June 12 2026

༄༅། །གདོད་རིགས་མི་མང་གི་རྒྱལ་དར་གྱི་ལོ་རྒྱུས་དང་། མཚོན་དོན། ངོས་འཛིན་བཅས་ཀྱི་སྐོར། Australia Explained

Australia Explained – Aboriginal Flag

བྱིས་པ་ཚོས་གདོད་རིགས་མི་མང་གི་རྒྱལ་དར་འཕྱར་བཞིན་པ། Source: AFP / པར་ཁུངས་། ཨེ་ཨེ་ཧྥོ་པི།

ཁྱེད་ཀྱིས་གཞི་རིམ་སློབ་གྲྭ་རྣམས་དང་། ལས་ཁུངས་ཁག །ས་གནས་སྤྱི་ཁྱབ་ཁང་། ཡང་ན་རྩེད་འགྲན་གྱི་འདུ་ཚོགས་སོགས་སུ་ཨོ་སི་ཊེ་ལི་ཡའི་རྒྱལ་དར་དང་ལྷན་དུ་མཚོན་མདོག་ནག་པོ་དང་། དམར་པོ། སེར་པོ་ཅན་གྱི་དར་ཆ་ཞིག་ལྷབ་ལྷུབ་ཏུ་གཡོ་བཞིན་པ་མཐོང་བ་དེ་ནི་ཨོ་སི་ཊེ་ལི་ཡའི་གདོད་རིགས་མི་མང་གི་དར་ཆ་ཡིན་ཞིང་། དེས་ཨོ་སི་ཊེ་ལི་ཡའི་གདོད་རིགས་མི་མང་དང་ཁོང་ཚོའི་ས་ཆ། སྤྱི་ཚོགས། གཏམ་རྒྱུད་བཅས་ཀྱི་འབྲེལ་བ་མཚོན་གྱི་ཡོད།


Published

By Nikyah Hutchings

Presented by Domnyershar Dadon

Source: SBS




Share this with family and friends


ཁྱེད་ཀྱིས་གཞི་རིམ་སློབ་གྲྭ་རྣམས་དང་། ལས་ཁུངས་ཁག །ས་གནས་སྤྱི་ཁྱབ་ཁང་། ཡང་ན་རྩེད་འགྲན་གྱི་འདུ་ཚོགས་སོགས་སུ་ཨོ་སི་ཊེ་ལི་ཡའི་རྒྱལ་དར་དང་ལྷན་དུ་མཚོན་མདོག་ནག་པོ་དང་། དམར་པོ། སེར་པོ་ཅན་གྱི་དར་ཆ་ཞིག་ལྷབ་ལྷུབ་ཏུ་གཡོ་བཞིན་པ་མཐོང་བ་དེ་ནི་ཨོ་སི་ཊེ་ལི་ཡའི་གདོད་རིགས་མི་མང་གི་དར་ཆ་ཡིན་ཞིང་། དེས་ཨོ་སི་ཊེ་ལི་ཡའི་གདོད་རིགས་མི་མང་དང་ཁོང་ཚོའི་ས་ཆ། སྤྱི་ཚོགས། གཏམ་རྒྱུད་བཅས་ཀྱི་འབྲེལ་བ་མཚོན་གྱི་ཡོད།


གཙོ་གནད།

  • གདོད་རིགས་མི་མང་གི་དར་ཆ་ནི་ཨོ་སི་ཊེ་ལི་ཡའི་རྒྱལ་དར་གསུམ་གྱི་ནང་ནས་གཅིག་ཡིན།
  • གདོད་རིགས་མི་མང་གི་དར་ཆ་ནི་ཕྱི་ལོ་ ༡༩༧༡ ལོར་ས་དབང་ཐོབ་ཐང་གི་ངོ་རྒོལ་དར་ཆ་ཞིག་ཏུ་བཟོས་པ་དང་། ཕྱི་ལོ་ ༡༩༩༥ ལོར་ཨོ་སི་ཊེ་ལི་ཡའི་རྒྱལ་དར་ཞིག་ཏུ་གྱུར།
  • དར་ཆའི་མཚོན་མདོག་ནག་པོ་དང་། དམར་པོ། སེར་པོ་བཅས་ཀྱི་བཟོ་དབྱིབས་ཀྱིས་གདོད་རིགས་མི་མང་དང་། ཁོང་ཚོའི་ས་ཆ། ཉི་མ་བཅས་མཚོན་གྱི་ཡོད།
  • ངོ་རྒོལ་གྱི་མཚོན་རྟགས་ཤིག་ནས་རྒྱུན་དུ་མི་རིགས་དེའི་སྤོབས་པ་དང་། དགའ་བསུ། མཉམ་གནས་བཅས་ཀྱི་མཚོན་རྟགས་སུ་གྱུར་བ་དང་། “དར་ཆའི་རང་དབང་རྩོད་ལེན།” ཞེས་པའི་ལས་འགུལ་བརྒྱུད་ནས་ད་གཟོད་དར་ཆ་འདི་རང་དབང་ངང་བེད་སྤྱོད་བྱེད་ཆོག

ཨོ་སི་ཊེ་ལི་ཡའི་ནང་དུ་རྒྱལ་དར་གསུམ་ཡོད་པ་ནི།

  • ཨོ་སི་ཊེ་ལི་ཡའི་རྒྱལ་དར།
  • གདོད་རིགས་མི་མང་གི་དར་ཆ།
  • ཋོ་རི་སི་མཚོ་འགག་གླིང་ཕྲན་པའི་དར་ཆ་བཅས་ཡིན། 

གདོད་རིགས་མང་པོ་ཞིག་ལ་མཚོན་ན། དར་ཆ་འདི་ནི་མཚོན་རྟགས་ཙམ་མིན་པར་དེས་ཉིན་རེ་བཞིན་ཁོང་ཚོའི་སྟོབས་ཤུགས་དང་། འཚོ་གནས། ངོ་བོ་བཅས་དྲན་སྐུལ་བྱེད་ཀྱི་ཡོད།

Australia Explained – Aboriginal flag
གདོད་རིགས་མི་མང་གི་དར་ཆ། Credit: Richard I'Anson/Getty Images

གདོད་རིགས་མི་མང་གི་དར་ཆའི་འབྱུང་ཁུངས།

གདོད་རིགས་མི་མང་གི་དར་ཆ་ནི་ཐོག་མ་ནས་ཡོད་པ་ཞིག་མིན་པར་དེ་ནི་ཕྱི་ལོ་ ༡༩༧༡ ལོར་ལུ་རིཊ་ཇཱ་དང་ཝོམ་བྷའི་མི་རིགས་ཀྱི་སྒྱུ་རྩལ་བ་དང་ལས་འགུལ་བ་ཨ་ཁུ་ཧ་རོལ་ཌི་ཐོ་མཱ་སི་ཡིས་བཟོས་པ་ཞིག་རེད། ཁོང་ལྷོ་ཨོ་སི་ཊེ་ལི་ཡའི་སྒྱུ་རྩལ་སློབ་གྲྭར་ཕེབས་མྱོང་ཡོད་པ་དང་། དེ་ནས་སློབ་མཐར་ཕྱིན་པའི་གདོད་རིགས་མི་མང་གི་གང་ཟག་ཐོག་མ་དེ་ཆགས་ཡོད།

གདོད་རིགས་མི་མང་གི་དར་ཆ་དེ་ཐོག་མར་ཕྱི་ལོ་ ༡༩༧༡ ཟླ་ ༧ ཚེས་ ༡༢ ཉིན་ཨ་ཌི་ལེ་ཌི་ཡི་ཝིག་ཊོ་རི་ཡ་ཐང་ཆེན་དུ་གདོད་རིགས་མི་མང་གི་ས་ཆའི་ཐོབ་ཐང་གི་ངོ་རྒོལ་ལས་འགུལ་ཞིག་གི་སྐབས་སུ་བསྒྲེངས་པ་རེད། དེའི་རྗེས་ཐོག་ཏུ་ཕྱི་ལོ་ ༡༩༧༢ ལོར་ཁེན་བྷེ་རའི་གདོད་རིགས་མི་མང་གི་གུར་ཁང་དོན་གཅོད་ལས་ཁུངས་སུ་ས་ཆའི་ཐོབ་ཐང་དང་རང་ཐག་རང་གཅོད་ཀྱི་མཚོན་རྟགས་གལ་ཆེན་ཞིག་ཏུ་བདམས།

ཕྱི་ལོ་ ༡༩༩༥ ལོར་ཨོ་སི་ཊེ་ལི་ཡའི་གཞུང་གིས་གདོད་རིགས་མི་མང་གི་དར་ཆ་དེ་ཕྱི་ལོ་ ༡༩༥༣ ལོའི་དར་ཆའི་ཁྲིམས་ལུགས་འོག་ཨོ་སི་ཊེ་ལི་ཡའི་གཞུང་འབྲེལ་དར་ཆར་གསལ་བསྒྲགས་བྱས་པ་དང་། དེ་ནས་བཟུང་དར་ཆ་དེ་ཨོ་སི་ཊེ་ལི་ཡའི་རྒྱལ་དར་དང་མཉམ་དུ་སྒྲེང་འགོ་ཚུགས།

གདོད་རིགས་མི་མང་གི་དར་ཆའི་མཚོན་དོན།

གདོད་རིགས་མི་མང་གི་དར་ཆ་ནི་དུམ་བུ་གཉིས་སུ་བགོས་ཡོད་ཅིང་། སྟེང་དུ་ནག་པོ་དང་། འོག་ཏུ་དམར་པོ། དབུས་སུ་ཟླུམ་གོར་སེར་པོ་ཞིག་ཡོད།

  • ནག་པོས་གདོད་རིགས་མི་མང་མཚོན།
  • སེར་པོས་ཉི་མ་མཚོན།
  • དམར་པོས་སའི་གོ་ལ་དང་གདོད་རིགས་མི་མང་དང་ས་ཆའི་འབྲེལ་བ་མཚོན།

གསར་དུ་ཐོན་པའི་སྒྱུ་རྩལ་བ་ཇེ་ཌི་བྷེ་རེ་ནན་ནི་གོ་མེ་རོ་ཡི་དང་ཕི་ཇི་ཡི་སྒྱུ་རྩལ་བ་ཞིག་ཡིན་ཞིང་། ཁོང་གིས་དར་ཆས་ངོ་བོ་མཚོན་གྱི་ཡོད་ཅེས་བརྗོད་ཡོད།

"གུས་མོས་དར་ཆ་འདི་མཐོང་དུས་རང་ཉིད་ཀྱི་སྐྱེ་ཡུལ་དང་། མི་མང་། ཉི་མ་བཅས་མཐོང་གི་འདུག །ཉི་མ་ནི་ང་ཚོའི་མི་རིགས་དང་སྐྱེ་ཡུལ་གྱི་ས་ཆ་ལྷན་དུ་འདུ་བར་བྱེད་མཁན་དེ་རེད།"
ཇེ་ཌི་ བྷེ་རེ་ནན།

"དེ་ནི་ང་ཚོའི་ལྷན་སྐྱེས་སུ་ཡོད་པ་དང་ང་ཚོའི་སྐྱེ་ཡུལ་ནི་ང་ཚོར་ཧ་ཅང་གལ་ཆེན་པོ་རེད། དར་ཆ་འདི་ཡོད་པས་ང་ཚོ་སུ་ཡིན་པ་མཚོན་གྱི་ཡོད།"

Jade Brennan.jpeg
དཔེ་གསར་གྱོན་གོས་ཇུས་བཀོད་པ་ཇེ་ཌི་བྷེ་རེ་ནན། Credit: Jade Brennan

ཨ་ནེ་སུ་སན་ཁེན་ཌལ་ནི་ཝོ་ནཱ་རུ་ཡི་བུད་མེད་ཅིག་ཡིན་ཞིང་། ཁོང་མོ་ཀོན་ཌོ་བྷོ་ལིན་ཞེས་པའི་ནིའུ་སའོ་ཐ་ཝལ་སི་ཡི་ས་གནས་ཀྱི་གྲོང་བརྡལ་ཞིག་ཏུ་འཚར་ལོང་བྱུང་ཡོད། ཁོང་མོས་གདོད་རིགས་མི་མང་གི་དར་ཆ་དེ་དར་ཁྱབ་ཆེན་པོ་མ་བྱུང་གོང་གི་དུས་སྐབས་ཤིག་དྲན་གྱི་ཡོད།

དེ་ཡང་ཁོང་མོས་ཆེས་ཐོག་མར་གདོད་རིགས་མི་མང་གི་དར་ཆ་མཐོང་བ་ནི་འཛིན་ཁང་ནང་དུ་མིན་ལ་གཞུང་གི་ལས་ཁུངས་སུའང་མིན་པར་ངོ་རྒོལ་ལས་འགུལ་ཞིག་གི་སྐབས་སུ་བརྙན་འཕྲིན་ནས་མཐོང་བ་དེ་རེད།

"དུས་སྐབས་དེའི་བརྒྱུད་ལམ་ཚང་མར་གསར་འགྱུར་མི་སྙན་པ་ཁོ་ན་ཡིན། དེ་དུས་མི་རྣམས་ཀྱིས་ངོ་རྒོལ་བྱེད་ཀྱི་ཡོད་པ་དང་། སྐབས་དེར་ངའི་མིག་ལམ་དུ་འཇར་མན་གྱི་དར་ཆ་དང་འདྲ་བ་ཞིག་མཐོང་བྱུང་། འོན་ཀྱང་དེ་འཇར་མན་གྱི་དར་ཆ་རང་རེད་མི་འདུག དེ་ནི་ངའི་གདོད་རིགས་མི་མང་གི་དར་ཆ་མཐོང་བའི་ཐོག་མའི་ཉམས་མྱོང་རེད།"

རྗེས་སུ་ཁོང་མོ་དགེ་རྒན་བྱེད་སྐབས། གདོད་རིགས་མི་མང་གི་སློབ་གསོ་དང་དར་ཆའི་སྐོར་བརྗོད་པ་ཉུང་ཉུང་ཡིན།

ཁོ་མོས་ "ང་ཐོག་མར་དགེ་རྒན་བྱེད་པའི་སྐབས་སུ་དར་ཆ་དེ་སློབ་གཞིའི་ནང་མེད། དེ་ནི་གདོད་རིགས་མི་མང་གི་དར་ཆ་རེད། ཁྱེད་ཚོས་ཚོན་མདོག་དང་དེ་དག་གིས་ཅི་ཞིག་མཚོན་པ་ཤེས་ཀྱི་ཡོད་དམ་ཞེས་འདྲི་བ་ཙམ་ལས། སྔོན་དུས་གདོད་རིགས་མི་མང་སྐོར་གྱི་སློབ་གསོ་ནི་དེ་ཙམ་ཞིག་རེད་" ཅེས་ཟེར།

ཇེ་ཌི་བྷེ་རེ་ནན་གྱིས་གདོད་རིགས་མི་མང་གི་དར་ཆ་དེ་གང་སར་མཐོང་རྒྱུ་ཡོད་ཅེས་བརྗོད་ཡོད།

"སློབ་གྲྭའི་ནང་གྱོན་ཆས་དང་ལུས་ཐོག་སྦྱར་རིས་སོགས་སུ་དར་ཆ་མཐོང་དུས་ང་ཚོས་འཁྲུད་ཁང་ནང་དུ་དེ་དག་བརྗེ་རེས་བྱེད་ཀྱི་ཡོད། ལྷག་པར་དུ་སློབ་ཕྲུག་ཚང་མ་མི་འདྲ་ཡོད་དུས་རང་ཉིད་སུ་དང་གཅིག་པ་ཡིན་པ་ཤེས་པ་དེས་སེམས་སྐྱིད་པོ་ཡོང་གི་ཡོད།" ཟེར།

ཨ་ནེ་སུ་སན་གྱིས་དར་ཆ་དེ་བཟོས་པའི་དུས་སྐབས་དྲན་གྱི་ཡོད་ཀྱང་། གདོད་རིགས་གཞོན་སྐྱེས་རྣམས་དར་ཆ་དེ་ཉིད་མཐའ་འཁོར་དུ་འཚར་ལོང་བྱུང་ཡོད། བྷེ་རི་ནན་གྱིས་གདོད་རིགས་མི་མང་གི་དར་ཆ་དེ་རྟག་ཏུ་མཐོང་རྒྱུ་ཡོད་ཅེས་བརྗོད་ཀྱི་ཡོད།

"ང་རང་འཚར་ལོང་བྱུང་སའི་ས་ཁུལ་དུ་དར་ཆ་དེ་མང་ཤོས་མཐོང་གི་ཡོད། ང་རང་ཆུང་དུས་མེ་ཊྲ་ཝལ་ནས་ཁ་ཇ་ག་སོགས་བརྒྱུད་དེ་གའི་བྱིས་གསོ་ཁང་དུ་སྐྱོད་སྐབས་དེར་གདོད་རིགས་མི་མང་གི་དར་ཆའི་ལྡེབས་རིས་ཆེན་པོ་ཞིག་ཡོད་པ་དང་། དེ་ནི་ངའི་ལུས་པོ་ཆུང་ཆུང་ལ་བལྟས་ན་ཧ་ཅང་ཆེན་པོ་ཞིག་ཏུ་མངོན་པ་དྲན།"

Australian and Aboriginal flags
གདོད་རིགས་མི་མང་དང་ཨོ་སི་ཊེ་ལི་ཡའི་རྒྱལ་དར་གཉིས་རྒྱུན་དུ་མཉམ་དུ་གཡོ་བཞིན་ཡོད། Credit: Jenny Evans/Getty Images

དུས་ནམ་ཞིག་ནས་དར་ཆ་དེ་ས་ཕྱོགས་གང་སར་མཐོང་རྒྱུ་ཡོད་པར་གྱུར་ཡོད།

ཕྱི་ལོ་ ༡༩༩༥ ལོར་གདོད་རིགས་མི་མང་གི་དར་ཆ་དེ་གཞུང་འབྲེལ་དུ་གྱུར་སྐབས། ཨ་ནེ་སུ་སན་གྱིས་འགྱུར་བ་ཕྲན་བུ་ཞིག་ཚོར་བྱུང་ཟེར།

“དར་ཆ་དེ་གཞུང་འབྲེལ་དུ་གྱུར་ནས་ལྷབ་ལྷུབ་ཏུ་གཡོ་སྐབས་རང་འགུལ་གྱིས་ང་ཚོའི་དོ་སྣང་འདྲེན་གྱི་ཡོད། ས་གནས་སྤྱི་ཁྱབ་ལས་ཁུངས་ཀྱིས་དར་ཆ་དེ་འཕྱར་བ་དང་། ཐེངས་གཅིག་མཐོང་གཉིས་མཐོང་བྱེད་སྐབས་སེམས་ནང་དེ་ཧ་ཅང་ཡག་པོ་རེད་དྲན་གྱི་ཡོད།”

ཨ་ནེ་སུ་སན་གྱིས་ད་ཆ་གདོད་རིགས་མི་མང་གི་དར་ཆ་མཐོང་རྒྱུ་དེ་རྒྱུན་གཏན་ཞིག་ཏུ་གྱུར་ཡོད་པར་བརྗོད།

ཁྱེད་ཀྱིས་རླངས་འཁོར་ཐོག་གི་གདོད་རིགས་མི་མང་གི་དར་ཆའི་སྦྱར་རིས་ཆུང་ཆུང་དེ་དག་མཐོང་གི་རེད། ང་དེ་དག་ལ་ཧ་ཅང་དགའ་པོ་ཡོད།
ཨ་ནེ་སུ་སན་ཀེན་ཌལ།

ཁོ་མོས་“ང་དར་ཆ་དེ་མཐོང་སྐབས་དགའ་ཚོར་ཆེན་པོ་ཡོང་གི་ཡོད་པ་ཚང་མས་ཤེས་ཀྱི་ཡོད་པ་དང་། ཁོང་ཚོས་དེ་ལ་ངོས་ལེན་བྱེད་ཀྱི་ཡོད་མེད་དང་སྤོབས་པ་བྱེད་ཀྱི་ཡོད་མེད་ལ་མ་ལྟོས་པར། ད་གཟོད་གང་སར་མཐོང་རྒྱུ་ཡོད་པ་དང་ཁྲིམས་མཐུན་ཡིན། དར་ཆ་དེ་གདོད་རིགས་མི་མང་ལ་དབང་ཞིང་དེས་ང་ཚོ་མི་མང་མཚོན་གྱི་ཡོད།” ཅེས་ཟེར།

བྷེ་རེ་ནན་གྱིས་ཐོག་མའི་མི་རིགས་ཀྱི་གཞོན་སྐྱེས་རྣམས་ལ་མི་ཚོགས་ཀྱི་ཁུལ་དུ་སྐྱོད་སྐབས། དར་ཆ་དེ་དག་གིས་ཁོང་ཚོ་བསུ་བ་བྱེད་ཀྱི་ཡོད་པ་མཐོང་རྒྱུ་དེ་གལ་ཆེན་པོ་ཡིན་སྐོར་བརྗོད་པ་འདི་ལྟར།

“ང་ས་གནས་ཤིག་ལ་འགྲོ་སྐབས། ང་རང་ལ་ངོས་ལེན་བྱེད་ཀྱི་ཡོད་པ་ཚོར་འདོད་ཡོད། རང་ཉིད་གང་དུ་བསྐྱོད་ས་དེར་དར་ཆ་དེ་ཡོད་པ་དེས་ཁྱེད་ལ་དགའ་བསུ་བྱེད་ཀྱི་ཡོད་པའི་སྤྲོ་སྣང་གཏེར་གྱིན་འདུག།”

ཨ་ནེ་སུ་སན་དང་ཇེཌ་གཉིས་ཀར་མཚོན་ན། སློབ་གྲྭ་དང་། ཟམ་པ། ངོ་རྒོལ་ཁྲོམ་སྐོར། གྱོན་ཆས། ལུས་ཐོག་འདྲ་རིས་སོགས་སུ་དར་ཆ་དེ་མཐོང་རྒྱུ་ཡོད་པ་དེ་ནི་སྤོབས་པ་དང་མཐུན་འབྲེལ་གྱི་རྩ་བ་ཞིག་ཡིན་པ་རེད།

Australia Explained – Aboriginal Flag
རྒྱལ་ཕྲ་མཉམ་འབྲེལ་རྒྱལ་ཚོགས་གཞུང་གིས་དར་ཆའི་བདག་དབང་བླངས་ཡོད་པས། དར་ཆ་དེ་གྱོན་ཆས་སོགས་ཀྱི་ཐོག་ཏུ་ཁྲིམས་མཐུན་ངང་བེད་སྤྱོད་བྱེད་ཆོག Source: LightRocket / པར་ཁུངས། གྷི་ཊི་པར་རིས།

གདོད་རིགས་མི་མང་གི་དར་ཆའི་བདག་པོ་སུ་ཡིན་ནམ།

ལོ་མང་རིང་གདོད་རིགས་མི་མང་གི་དར་ཆ་དེ་སུས་བེད་སྤྱོད་བྱེད་ཆོག་མིན་ཐད་ཁྲིམས་ལུགས་དང་རིག་གཞུང་གི་རྩོད་གླེང་གི་རྩ་བ་ཞིག་ཏུ་གྱུར་ཡོད།

ཨ་ཁུ་ཧཱ་རོལཌ་ཐོ་མ་སི་ལགས་དར་ཆ་དེའི་ཇུས་འགོད་པ་ཡིན་པའི་ཆ་ནས། དར་ཆ་དེའི་བདག་དབང་ཁོང་ལ་ཡོད། ཁོང་གིས་དར་ཆ་དེའི་བེད་སྤྱོད་ཆོག་མཆན་གཞན་ལ་སྤྲད་ཡོད། དེའི་ནང་གྱོན་ཆས་དང་ཚོང་ཟོག་གི་སྒེར་གྱི་ཚོང་ལས་ཁང་ཞིག་ཚུད་ཡོད། དེའི་དོན་ནི། གདོད་རིགས་མི་མང་གི་ཚོགས་པ་དང་སྤྱི་ཚོགས་ཁག་གིས་དར་ཆ་དེ་བེད་སྤྱོད་བྱེད་སྐབས་ཁྲིམས་འགལ་བྱས་པའི་ཡི་གེ་སྤྲོད་པའམ། རིན་པ་སྤྲད་པ། ཡང་ན་ཆོག་མཆན་མེད་པར་བེད་སྤྱོད་བྱེད་མི་ཆོག་པའི་བཀག་འགོག་བྱེད་ཀྱི་ཡོད་པ་དེའི་ལན་དུ། གདོད་རིགས་མི་མང་གི་གྱོན་ཆས་ཚོང་ལས་ཁང་བར་འགལ་སེལ་བའི་གྱོན་ཆས་ Clothing the Gap ཞེས་པ་དང་། དེའི་རྒྱབ་སྐྱོར་པ་རྣམས་ཀྱིས་“དར་ཆའི་རང་དབང་རྩོད་ལེན་”ཞེས་པའི་ལས་འགུལ་དེ་སྤེལ་ཡོད། ཁོང་ཚོའི་དམིགས་ཡུལ་ནི། གདོད་རིགས་མི་མང་དང་སྤྱི་ཚོགས་ཁག་གིས་དར་ཆ་དེ་རིན་མེད་ངང་བེད་སྤྱོད་ཆོག་པ་བྱེད་རྒྱུ་དང་། གཞུང་གིས་བྱ་སྤྱོད་སྤེལ་ནས་དར་ཆ་དེ་རྒྱལ་ཁབ་ཀྱི་དར་ཆ་གཞན་ལྟར་བེད་སྤྱོད་བྱེད་ཆོག་པ་མ་གཏོགས། སྒེར་གྱི་ཚོང་རྟགས་ནང་བཞིན་བེད་སྤྱོད་བྱེད་མི་ཆོག་པ་བཟོ་རྒྱུ་དེ་ཡིན།

ལོ་མང་རིང་སྤྱི་པའི་གནོན་ཤུགས་དང་ལས་འགུལ་སྤེལ་རྗེས། ཀོ་མན་ཝལ་ཐ་གཞུང་གིས་ཕྱི་ལོ་ ༢༠༢༢ ལོར་ཨ་ཁུ་ཧཱ་རོལཌ་ཐོ་མ་སི་ལགས་ཀྱི་ས་ནས་དར་ཆ་དེའི་བདག་དབང་བླངས་ཡོད་སྐོར་གསལ་བསྒྲགས་བྱས་ཡོད། དེའི་དོན་ནི།

  • གདོད་རིགས་མི་མང་གི་དར་ཆ་དེ་ཨོ་སི་ཊེ་ལི་ཡའི་རྒྱལ་དར་ལྟར་སྤྱི་པས་བེད་སྤྱོད་ཆོག་པར་བཟོས་ཡོད།
  • མི་མང་གིས་དར་ཆ་དེ་གྱོན་ཆས་དང་། སྒྱུ་རྩལ། ཚོང་ཟོག་སོགས་ཀྱི་ཐོག་ཏུ་འཇོག་རྒྱུར་གླ་ཆ་སོགས་སྤྲོད་མི་དགོས།
  • གདོད་རིགས་མི་མང་གིས་ཁོང་ཚོ་རང་ཉིད་ཀྱི་དར་ཆ་བེད་སྤྱོད་བྱེད་སྐབས་ཁྲིམས་ལུགས་ཀྱི་ཉེས་ཆད་ཕོག་པའི་ཞེད་སྣང་བྱེད་མི་དགོས།
Australia Explained – Aboriginal Flag
ཕྱི་ལོ་ ༢༠༢༦ ལོའི་ཟླ་༡ ཚེས་༢༦ ཉིན་སི་ཌི་ནི་ཨོ་པེ་ར་ཁང་གི་ཐོག་ཏུ་གདོད་རིགས་མི་མང་གི་དར་ཆ་དེ་གློག་འཕྲུལ་གྱིས་རྒྱ་ཆེར་བཤམས་ཡོད། པར་ཁུངས། གྟི་ཊི་པར་རིས། Source: Anadolu / པར་ཁུངས། གྟི་ཊི་པར་རིས།

ཨ་ནེ་སུ་སན་གྱིས་ཕྱིར་བལྟས་བྱས་ནས་བརྗོད་དོན། དར་ཆ་དེས་གོ་རྟོགས་སྤེལ་བར་ཕན་ཐོགས་ཡོད་ཀྱང་། ད་དུང་ཡང་ལས་ཀ་ལྷག་ཡོད།

“གདོད་རིགས་མི་མང་གི་དར་ཆ་དེ་ལ་དོན་སྙིང་ཡོད། ད་ཆ་ཚང་མས་དེས་ཅི་ཞིག་མཚོན་གྱི་ཡོད་པ་དང་སུ་ཞིག་མཚོན་གྱི་ཡོད་པ་ཤེས་ཀྱི་ཡོད། རིག་གཞུང་ལ་སློབ་སྦྱོང་བྱེད་དགོས། ལྷག་པར་ཁྱེད་རང་ས་ཆ་འདིར་གནས་སྡོད་བྱེད་ཀྱི་ཡོད་པས་གདོད་རིགས་མི་མང་གི་རིག་གཞུང་ལ་སྤྲོ་སྣང་འཕེར་བ་དང་སློབ་སྦྱོང་བྱེད་དགོས། ཁྱེད་རང་གིས་དར་ཆ་དེའི་རིན་ཐང་ཚོར་དགོས་ཀྱི་མེད་ཀྱང་གོ་བ་ལོན་དགོས། དེ་ལྟར་དརཆ་དེ་དང་ས་ཆ་འདིར་གནས་ཡོད་པ་དེར་སྤོབས་པ་སྐྱེ་དགོས”

གསར་དུ་གཞིས་སྤོ་བྱས་པའི་མི་རྣམས་ལ་མཚོན་ན། གདོད་རིགས་མི་མང་གི་དར་ཆ་དེ་ནི་ཁྱེད་རང་གདོད་རིགས་མི་མང་གི་ས་ཆའི་ཐོག་གནས་སྡོད་བྱེད་ཀྱི་ཡོད་པ་ངོས་འཛིན་བྱེད་པའི་མགྲོན་བརྡ་ཞིག་ཡིན།

དེས་ཁྱེད་རང་ལ་ས་གནས་དེའི་ཐོག་མའི་མི་རིགས་སུ་ཡིན་པ་ཤེས་རྒྱུར་སྐུལ་མ་བྱེད་ཅིང་ཨོ་སི་ཊེ་ལི་ཡའི་འདས། མ་འོངས། ད་ལྟ་བཅས་ཀྱི་ལོ་རྒྱུས་ནང་གདོད་རིགས་མི་མང་རྣམས་གཙོ་བོ་ཡིན་པ་མཐོང་ཐུབ་པར་སྐུལ་མ་བྱེད་ཀྱི་ཡོད།།

ཨོ་སི་ཊེ་ལི་ཡར་གནས་སྤོ་བྱས་རྗེས་རིན་ཐང་ལྡན་པའི་གནས་ཚུལ་དང་ལམ་སྟོན་མང་ཙམ་ཤེས་རྟོགས་བྱེད་པའི་ཆེད་དུ། ཨོ་སི་ཊེ་ལི་ཡ་འགྲེལ་བརྗོད་ཀྱི་ཆེད་སྒྲིག་སྒྲ་བརྙན་ལེ་ཚན་ཁག་ལ་ཉན་པའམ་རྗེས་འབྲང་བྱེད་རོགས།

ཁྱེད་ལ་དྲི་བ་དང་བརྗོད་གཞི་གང་ཞིག་གི་སྐོར་ལ་བསམ་འཆར་ཡོད་ན་ང་ཚོར་ australiaexplained@sbs.com.au ལ་གློག་འཕྲིན་གཏོང་རོགས།


Latest podcast episodes

Download our apps

Watch on SBS

SBS World News

Take a global view with Australia's most comprehensive world news service

Watch now