གལ་ཏེ་ཨ་རི་དང་ཨི་རན་གྱི་དམག་འཁྲུག་མཚམས་འཇོག་གི་གྲོས་མཐུན་ལ་མུ་མཐུད་འགོག་རྐྱེན་བྱུང་ནས་འཐབ་འཁྲུག་སླར་ཡང་ཤུགས་ཆེ་རུ་ཕྱིན་ཚེ་ཨོ་སི་ཊེ་ལི་ཡ་ལ་ཁྱད་པར་གང་ཡོང་གི་ཡོད་དམ།
གནས་བསྡུས།
- ཨི་རན་དང་ཨ་རི་གཉིས་བར་དམག་འཁྲུག་མཚམས་འཇོག་གི་གྲོས་མཐུན་གྱིས་དེ་སྔ་དམག་འཁྲུག་གི་རྐྱེན་པས་དཔལ་འབྱོར་ལ་ཤུགས་རྐྱེན་ཇེ་སྡུག་ཏུ་འགྲོ་རྒྱུ་ཡིན་པའི་སྔོན་དཔག་ལ་གུ་ཡངས་ཀྱི་རེ་བ་མངོན་ཡོད།
- འོན་ཀྱང་འཐབ་འཁྲུག་སླར་ཡང་ཤུགས་ཆེ་རུ་སོང་བས་དམག་འཁྲུག་རྒྱུན་རིང་པོ་ཞིག་གིས་ཨོ་སི་ཊེ་ལི་ཡའི་དཔལ་འབྱོར་ལ་ཤུགས་རྐྱེན་གང་ཞིག་ཐེབས་མིན་ཐད་དྲི་བའི་གཞིར་འགྱུར་རྒྱུ་ཡིན་པ་སྟེ།
ཉེ་ཆར་ཨ་རི་དང་ཨི་རན་གཉིས་བར་གྱི་འཐབ་འཁྲུག་ཇེ་ཆེར་སོང་བས་དཔལ་འབྱོར་ལ་གནོད་སྐྱོན་ཆེན་པོ་ཐེབས་པའི་ཉེན་ཁ་སླར་ཡང་བསླངས།
ཟླ་བ་གཉིས་པའི་ཟླ་མཇུག་ནས་བཟུང་། གྲུ་གཟིངས་བགྲོད་ལམ་ལ་འགོག་རྐྱེན་བྱུང་བས་རྡོ་སྣུམ་གྱི་རིན་གོང་མཐོ་རུ་ཕྱིན་ཏེ་རྒྱལ་ཁབ་མང་པོ་ཞིག་ལ་བློ་འཚབ་ཆེན་པོ་བྱུང་ཡོད།
འོན་ཀྱང་ཟླ་བ་དྲུག་པའི་ཚེས་བཅུ་བདུན་ཉིན་ཆིངས་ཡིག་ཅིག་གི་ཐོག་ནས་དམག་འཁྲུག་མཚམས་འཇོག་གི་གྲོས་མཐུན་གཏན་འབེབས་བྱས་པ་ནས་བཟུང་། རྒྱལ་སྤྱིའི་སྣུམ་གྱི་རིན་གོང་དེ་སྔའི་ཚད་དུ་ལོག་ཡོད།
དུས་ཚོད་ངེས་ཅན་ཞིག་ལ་དམག་འཁྲུག་གི་དཔལ་འབྱོར་གྱི་ཤུགས་རྐྱེན་དེ་ཐོག་མར་བསམ་པ་ལས་ཉུང་བ་ཡོད་པ་ལྟ་བུ་བྱུང་།
དཔལ་འབྱོར་དཔྱད་ཞིབ་པ་བྷེལ་ལིན་ཌ་ཨ་ལེན་གྱིས་ཟླ་བདུན་པའི་ཚེས་དྲུག་ཉིན་གྱི་ཞིབ་འཇུག་སྙན་ཐོ་ཞིག་གི་ནང་དུ་ཨི་རན་གྱི་དམག་འཁྲུག་གི་ཤུགས་རྐྱེན་དེ་ང་ཚོས་ཐོག་མར་བསམ་པ་ལྟར་སྡུག་ཏུ་སོང་མེད་ཅེས་བཀོད་ཡོད།
ཉིན་འགའི་རྗེས་སུ་དཔལ་འབྱོར་དཔྱད་ཞིབ་པ་ཇོ་ཁ་པུར་སོ་ཡིས་ཀྱང་ཁོང་གིས་རྡོ་སྣུམ་གྱི་རིན་གོང་དུས་ཡུན་རིང་པོར་མཐོ་པོར་གནས་རྒྱུ་ཡིན་པར་བསམ་ཡོད་ཀྱང་། རིན་གོང་དེ་དམག་འཁྲུག་མ་བྱུང་གོང་གི་རིན་གོང་ལ་ཕྱིར་ལོག་ཡོད་ཅེས་བཤད།
འོན་ཀྱང་ཉེ་ཆར་གྱི་འཐབ་འཁྲུག་དང་སྲིད་དོན་དབུ་ཁྲིད་ཚོས་བཤད་པའི་གཏམ་བཤད་ཀྱིས་དམག་འཁྲུག་མཚམས་འཇོག་དང་སྣུམ་གྱི་རིན་གོང་ཆག་པ་དེ་མུ་མཐུད་དུ་གནས་མིན་ལ་དོགས་དྲི་བྱས་ཡོད།
རེས་གཟའ་ལྷག་པའི་ཉིན་ཨ་རིའི་དམག་དཔུང་གིས་ཨི་རན་ལ་གནོད་སྐྱོན་གཏོང་བའི་གཏོར་རྒོལ་གསར་པ་བྱས་པ་དེ་ནི་ཨི་རན་གྱིས་གལ་ཆེའི་མཚོ་འགག་ཧོར་མུ་ཛུ་ནང་དུ་ཚོང་ལས་གྲུ་གཟིངས་ལ་གཏོར་རྒོལ་བྱས་པར་ལན་འདེབས་བྱས་པ་ཡིན་ཞེས་བཤད།
ཨ་རི་སྲིད་འཛིན་ཌོ་ནལ་ཌི་ཊེ་རམ་ཡིས་མཚམས་འཇོག་དེ་མཇུག་བསྒྲིལ་བ་ཡིན་ཞེས་བསྒྲགས་ཏེ། གྲོས་མོལ་མུ་མཐུད་དུ་བྱ་རྒྱུ་ཡིན་ཡང་། ཁོང་གིས་ང་ལ་མཚོན་ན་དེ་ནི་དུས་ཚོད་ཆུད་ཟོས་སུ་གཏོང་བ་ཞིག་རེད་ཅེས་བཤད།
དེའི་རྗེས་སུ་ཨི་རན་གྱིས་ཨ་རི་ཡིས་དམག་འཁྲུག་མཚམས་འཇོག་གི་གྲོས་མཐུན་ལ་འགལ་བ་བྱས་ཡོད་ཅེས་སྐྱོན་བརྗོད་བྱས་ཏེ་རྒྱལ་ནང་གི་ཨ་རི་དམག་དཔུང་ལ་གཏོར་རྒོལ་བྱས།
རེ་བ་དེ་སྔ་དྲགས་པ་ཡིན་སྲིད།
ནིའུ་ས་འོ་ཐ་ཝལ་སི་སློབ་གྲྭ་ཆེན་མོའི་རྒྱལ་སྤྱིའི་འཁྲུག་རྩོད་ཆེད་མཁས་པ་ཇེ་སི་ཀ་ཇེ་ནོ་ཡར་གྱིས་ཕན་ཚུན་ལན་སློག་གི་སྤྱོད་ཚུལ་དེས་ཟླ་བ་དྲུག་པའི་ཚེས་བཅུ་བདུན་ཉིན་བཞག་པའི་གྲོས་མཐུན་ལ་བརྟེན་པའི་ཞི་བདེ་ཞིག་རྒྱུན་གནས་ཐུབ་རྒྱུ་མིན་པ་མཚོན་ཞེས་བཤད།
ཁོང་གིས་ང་ཚོའི་ངོས་ནས་ལམ་དབུས་མ་ཞིག་འཚོལ་རྒྱུ་དེ་གལ་ཆེ་ཡིན་པར་བརྗོད།
ཟླ་བ་གཉིས་པའི་ཚེས་ཉི་ཤུ་བརྒྱད་ནས་བཟུང་ཟླ་བ་བཞི་པའི་ཚེས་བརྒྱད་བར་གྱི་དམག་འཁྲུག་ཆེན་པོ་དེ་ལྟ་བུ་ཞིག་སླར་ཡང་ལངས་ཀྱི་མེད་ཀྱང་ཨི་རན་དང་ཨ་རི་གཉིས་བར་དུ་གྲོས་མཐུན་གྱིས་ཞི་འཇག་ཡོང་བའི་ལམ་ཞིག་མངོན་གྱི་མེད་པར་ཡང་བསམས་ཞེས་དང་།
ཁོང་གིས་ད་ལྟའི་གནས་སྟངས་འདིའི་འོག་ཏུ་ཕན་ཚུན་གཏོར་རྒོལ་གྱི་འཁོར་རྒྱུག་དེ་མུ་མཐུད་དུ་རྒྱུ་ཡིན་པ་མ་ཟད་དེ་ནི་ཟླ་བ་འགའ་ཤས་ཙམ་མ་ཟད་དེ་ལས་རིང་བར་གནས་སྲིད་པའི་ཉེན་ཁ་ཡོད་ཅེས་བཤད།
གལ་ཏེ་འཁྲུག་རྩོད་རྒྱུན་མཐུད་ན་ཨོ་སི་ཊེ་ལི་ཡ་ལ་ཤུགས་རྐྱེན་གང་ཞིག་ཐེབས་སྲིད་དམ་ཞེ་ན།
རང་དབང་ཅན་གྱི་དཔལ་འབྱོར་དཔྱད་ཞིབ་པ་སོ་ཡལ་ཨེ་སི་ལེག་གིས་རྡོ་སྣུམ་གྱི་རིན་གོང་བསམ་ཚོད་ལས་མཐོ་བར་མ་འགྱུར་བ་དེས་ཨོ་སི་ཊེ་ལི་ཡས་དམག་འཁྲུག་དེས་རྐྱེན་བྱས་པའི་དཔལ་འབྱོར་གྱི་གནོད་སྐྱོན་ཚབས་ཆེ་ཤོས་དེ་ལས་གཡོལ་ཐུབ་པ་བྱུང་ཡོད་ཅེས་བཤད། དེ་ཡང་ཁོང་གིས་ཨ་རི་དང་རྒྱ་ནག་གི་སྔོན་ཚུད་ནས་སྣུམ་གསོག་འཇོག་བྱས་ཡོད་པ་དེས་རྒྱལ་སྤྱིའི་རིན་གོང་འཕར་བ་དེ་ཚོད་འཛིན་བྱེད་པར་ཕན་ཐོགས་བྱུང་ཡོད་ཅེས་བཤད།
དམག་འཁྲུག་གིས་སྣུམ་འདྲེན་སྐྱེལ་ལ་བར་ཆད་བཟོས་སྐབས། ཨ་རི་ཡིས་རང་གི་འཐབ་ཇུས་ཀྱི་སྣུམ་མཛོད་ནས་རྡོ་སྣུམ་ཕྱིར་ཚོང་བྱས་པ་དང་། རྒྱ་ནག་གིས་རྡོ་སྣུམ་གྱི་ནང་འདྲེན་ཉུང་དུ་བཏང་ནས་རྒྱལ་ནང་གི་སྣུམ་མཛོད་ཆེན་པོ་ནས་བེད་སྤྱོད་བྱས་པ་དེ་གཉིས་ཀྱིས་རྒྱལ་སྤྱིའི་སྣུམ་མཁོ་སྤྲོད་ལ་བར་ཆད་བྱུང་བ་དེ་ཕལ་ཆེར་ཁ་གསབ་བྱས་ཡོད།” ཅེས་ཨེ་སི་བྷི་ཨེ་སི་གསར་འགྱུར་ཁང་ལ་བརྗོད་ཡོད།
འོན་ཀྱང་། ཁོང་གིས་ཨ་རི་དང་རྒྱ་ནག་གིས་དེ་ལྟར་ཡུན་རིང་པོར་རྒྱུན་འཁྱོངས་བྱེད་མི་ཐུབ་པའི་ཉེན་བརྡ་བཏང་།
གལ་ཏེ་འཁྲུག་རྩོད་བསྐྱར་དུ་ལངས་ནས་དུས་ཡུན་རིང་པོར་གནས་ཚེ། རྡོ་སྣུམ་གྱི་རིན་གོང་དེ་སྔར་ལས་ཆེ་བ་དང་རྒྱུན་རིང་པོར་འཕར་སྲིད་ཅེས་དང་། ཨོ་སི་ཊེ་ལི་ཡ་གཞུང་གི་ཐེ་བྱུས་ཀྱིས་ཀྱང་རྡོ་སྣུམ་གྱི་རིན་གོང་འཕར་བ་ལས་སྲུང་སྐྱོབ་བྱས་ཡོད་པས་ཐབས་ལམ་མང་པོ་ཞིག་འཁྲུག་རྩོད་མུ་མཐུད་དུ་གནས་ཚེ་བསྐྱར་དུ་སྤྱོད་ཆོག་པ་ཡང་བཤད།
དེ་སྔོན་ཨི་རན་གྱིས་ཧོར་མུས་མཚོ་འགག་བཀག་པའི་སྐབས། རྡོ་སྣུམ་དང་འགྱིག་བཟོ་དངོས་རྫས། རྫས་ལུད་བཅས་ལ་བར་ཆད་ཡོང་རྒྱུའི་ཉེན་ཁ་འཕྲད་སྐབས་ཨོ་སི་ཊེ་ལི་ཡའི་ཟས་རིགས་མ་ལག་ལ་ཤུགས་རྐྱེན་ཐེབས་སྲིད་པའི་བློ་འཚབ་བྱུང་།
དེའི་ལན་དུ་ཨོ་སི་ཊེ་ལི་ཡ་གཞུང་གིས་ཨེ་ཤི་ཡའི་ས་ཁུལ་གྱི་མཉམ་ལས་པ་ཚོ་དང་ལྷན་དུ་རྡོ་སྣུམ་དང་ལུད་རྫས་ཀྱི་མཁོ་སྤྲོད་བརྟན་པོ་བཟོས་པ་མ་ཟད། ས་སྣུམ་གྱི་ཁྲལ་ཉུང་དུ་བཏང་ཡོད།
གལ་ཏེ་དམག་འཁྲུག་ཡུན་རིང་བ་དང་ཛ་དྲག་ཅན་དུ་འགྱུར་ན་ཨེ་ཤེ་ཡའི་རྒྱལ་ཁབ་ཁག་ལ་རྡོ་སྣུམ་མཁོ་སྒྲུབ་ཐད་བར་ཆད་ཆེན་པོ་བྱུང་སྲིད་པ་དང་དེའི་ཚེ་ཨོ་སི་ཊེ་ལི་ཡ་ལ་དཀའ་ངལ་འཕྲད་ངེས་པར་བརྗོད། ཡིན་ནའང་དམག་འཁྲུག་བསྐྱར་དུ་ལངས་པ་ཙམ་གྱིས་ཨོ་སི་ཊེ་ལི་ཡ་ཉམས་རྒུད་ཀྱི་ཕྱོགས་སུ་འགྲོ་བའི་ངེས་པ་མེད་པར་ཡིད་ཆེས་བྱེད་ཀྱི་ཡོད། ཁོང་གིས་ཉེན་ཁ་ཆེ་ཤོས་ནི་རྒྱུན་མཐུད་དུ་གནས་པའི་དངུལ་ལོར་འཕར་ཚད་མཐོ་པོ་ཡིས་ཨོ་སི་ཊོ་ལི་ཡའི་དབུས་དངུལ་ཁང་ལ་སྐྱེད་ཀ་དུས་ཡུན་རིང་པོར་མཐོ་པོ་བཟོ་རྒྱུ་ཁེལ་རྒྱུའི་དཀའ་ངལ་དེ་རེད་ཅེས་བརྗོད།






