འཛམ་གླིང་རྐང་རྩེད་སྤོ་ལོའི་ལྷན་ཚོགས་ཀྱི་རྩེད་འགྲན་ཆེ་ཤོས་དངོས་སུ་མགོ་འཛུགས་བྱས་ཡོད་པ་དང་རྩེད་འགྲན་གྱི་ཉིན་དང་པོར་འགྲན་རྩེད་གཉིས་དང་ཤོག་དམར་གྱི་མཐར་སྤྲོད་ཉེས་ཆད་དུ་མ་སྤྲོད་དགོས་པ་བྱུང་སོང།
མེག་སེ་ཀོའི་རུ་ཁག་གིས་ཐོབ་གྲངས་ ༢-༠ བྱས་ཏེ་ལྷོ་ཨ་ཧྤི་རི་ཀའི་རུ་ཁག་ཕམ་པར་བྱས་ཡོད། དེ་ཡང་མེག་སི་ཀོའི་རྩེད་འགྲན་ཁང་ཆེན་དེར་དེ་སྔ་རྐང་རྩེད་སྤོ་ལོའི་ཕུལ་བྱུང་རྩེད་འགྲན་པ་པི་ལེ་དང་ཌི་ཀོ་མེ་ར་ཌོ་ན་གཉིས་པོས་གྲགས་ཅན་འགྲན་རྩོད་གཟེངས་རྟགས་བུམ་ཆེན་ལྷན་དུ་བསྟེགས་ཡོད།
འགྲན་རྩེད་ཐོག་མ་དེའི་ནང་མེག་སི་ཀོའི་ཧུ་ལི་ཨན་ཀེ་ནོ་ཧ་ནེ་སི་ཡིས་ལོ་རྒྱུས་ཐོག་འགྲན་རྩེད་དབུ་འབྱེད་ཀྱི་རྒྱལ་ཁ་ཆེས་སྔ་ཤོས་ཏེ་སྐར་མ་བརྒྱད་སོང་མ་ཐག་སྤོ་ལོ་དང་པོ་དེ་བླུགས་པ་དང་། དེ་རྗེས་སྐར་མ་དྲུག་བཅུ་རེ་བདུན་གྱི་མཚམས་སུ་ར་ཨུ་ ཧི་མེ་ ནེ་སི་ཡིས་སྤོ་ལོ་གཉིས་པ་དེ་སྤུར་ཡོད།
སྐབས་དེར་ལོ་རྒྱུས་གཞན་ཞིག་ཀྱང་བཀོད་པ་ནི་འགྲན་རྩེད་ཐོག་མར་ཉེས་ཆད་ཤོག་དམར་གསུམ་སྤྲད་ཡོད་པ་དེ་ནི་ད་བར་རྩེད་འགྲན་འགོ་བཙུགས་པ་དང་དེ་འདྲའི་མཐར་སྤྲོད་ཀྱི་ཆད་པ་མང་པོ་བྱུང་བ་ཐོག་མ་ཡིན།
ཉིན་དང་པོའི་རྩེད་འགྲན་གཉིས་པའི་ནང་། ལྷོ་ཀོ་རི་ཡས་ཆེག་ཀི་ཡ་ལས་ཐོབ་གྲངས་ ༢-༡ བྱས་ཏེ་རྒྱལ་ཁ་བླངས་སོང་། སྐར་མ་ལྔ་བཅུ་ང་དགུ་ཟིན་མཚམས་ཝལ་ཌི་མིར་ཁོ་ཧྤལ་གྱིས་མགོ་བོའི་ཁྱུག་རྩལ་ནན་པོ་ཞིག་གིས་སྤོ་ལོ་འཕངས་པ་དང་ལ་ཌི་སི་ལ་ཧྤ་ཀ་རེ་ཆེ་ཡིས་སྤོ་ལོ་དྲྭ་སྣོད་དུ་བླུགས་ནས་ཆེ་ཁི་ཡ་ལ་རྒྱལ་ཁ་དང་པོ་དེ་བླངས། འོན་ཀྱང་སྐར་མ་ ༦༧ དང་ ༨༠ ཟིན་མཚམས་ལྷོ་ཀོ་རི་ཡའི་ཧོང་ཨིན་བྷུམ་དང་ཨོ་ཡུན་གྱུ་གཉིས་ཀྱིས་མྱུར་པོ་སྤོ་ལོ་ ༢ བླུགས་ཏེ་ཕར་རྒོལ་བྱས།
མཐར་མེག་སི་ཀོ་དང་ལྷོ་ཀོ་རི་ཡས་སྤོ་ལོ་གསུམ་རེ་བླུགས་ཏེ་སྡེ་ཚན་ཀ་པའི་འགྲན་རྩེད་ཐོབ་ཡོད་པ་རེད།
རྩེད་འགྲན་དེའི་སྐོར་ལ་དཀྱིལ་རྩེད་པ་ཨཱ་ཇི་ཌིན་ཧ་རུ་སི་ཊིག་གིས་འགྲན་རྩེད་དེས་ཨོ་སི་ཊེ་ལི་ཡའི་རུ་ཁག་གི་རྩེད་འགྲན་ཐོག་མ་དེར་གྲྭ་སྒྲིག་བྱེད་རྒྱུའི་ལེགས་བྱ་བཟང་པོ་ཐོབ་ཡོད་ཅེས་བརྗོད་བྱུང་།
ཨོ་སི་ཊེ་ལི་ཡའི་སོ་ཁར་རུའུ་སི་རུ་ཁག་གི་མདུན་སྐྱོད་པ་མོ་ཧཱ་མ་དྷ་ཊོ་རེ་ན་ནས་སྦྱོང་བརྡར་ལ་ཞུགས་མ་ཐུབ་པའི་དཀའ་ངལ་ཅུང་ཟད་འཕྲད་ཀྱིན་ཡོད།
འོན་ཀྱང་རུ་ཁག་གི་ལས་བྱེད་པས་ནད་དེ་ཚབས་ཆེན་པོ་མིན་པ་དང་། ཉིན་ཤས་ནང་ཁོང་སྦྱོང་བརྡར་ལ་ཕྱིར་ལོག་ཐུབ་རྒྱུའི་རེ་བ་བྱེད་ཀྱིན་ཡོད།
གལ་སྲིད་ཊོ་རེ་དྲག་སྐྱེད་མ་བྱུང་ཚེ། ཨོ་སི་ཊེ་ལི་ཡ་དང་སི་ཝི་ཛ་ལན་ཌི་གཉིས་བར་གྱི་སྔོན་འགྲོའི་རྩེད་འགྲན་མཐའ་མའི་འགྲན་བསྡུར་ནང་འདྲ་མཉམ་གྱི་སྤོ་ལོ་ ༡-༡ བླུགས་མཁན་ཊེ་ཊེ་ཡེན་གྷི་ཡིས་ཚབ་བྱེད་སྲིད།
ཨོ་སི་ཊེ་ལི་ཡའི་སོ་ཁར་རུའུ་སི་རུ་ཁག་གིས་ཊར་ཀི་ཡས་དང་ལྷན་དུ་རེས་གཟའ་ཉི་མར་འགྲན་བསྡུར་འགོ་འཛུགས་བྱེད་རྒྱུ་ཡིན་པ་རེད། སྐབས་དེའི་འགྲན་རྩོད་དེ་ཨ་སི་བྷི་ཨེ་སི་ནས་ཕྱི་དྲོའི་ཆུ་ཚོད་དང་པོར་ཐད་གཏོང་བྱེད་ཀྱི་ཡོད།
སྡེ་ཚན་ང་པའི་ནང་སོ་ཁ་རུའུ་སི་ཡིས་རྩེད་འགྲན་གྱི་གོ་སྒྲིག་པ་ཨ་རི་དང་པེ་ར་གྷུ་ཡེ་གཉིས་པོ་ནས་གཅིག་དང་འགྲན་རྒྱུ་ཡིན་པ་རེད། རྒྱལ་ཁབ་འདི་གཉིས་པོ་ནང་ཁུལ་སང་ཉིན་འགྲན་རྩེད་བྱེད་རྒྱུ་རེད།
རེས་གཟའ་སྤེན་པའི་ཞོགས་པར་གོ་སྒྲིག་པ་གཞན་ཁེ་ན་ཌ་དང་བྷོ་སི་ནི་ཡ་ཧར་ས་གྷོ་ཝི་ན་གཉིས་དང་འགྲན་རྩེད་བྱེད་རྒྱུ་རེད།
ཁྱེད་རང་གིས་གསན་བཞིན་པ་ནི་ཕྱི་ལོ་ ༢༠༢༦ ལོའི་འཛམ་གླིང་རྐང་རྩེད་སྤོ་ལོའི་རྩེད་འགྲན་གྱི་ཉིན་དང་པོའི་ཉིན་རེའི་གསར་འགྱུར་གནད་བསྡུས་ཡིན། རྩེད་འགྲན་ཆེན་མོ་དེའི་སྐར་ཆ་རེ་རེའི་གནས་ཚུལ་ཆེད་ཨེ་སི་བྷི་ཨེ་སི་ཨོན་ཌི་མན་ཌི་ལ་གཟིགས་རོགས།།






