ཨོ་སི་ཊེ་ལི་ཡའི་ནང་ཉི་སྲུང་འབྱུག་རྫས་བེད་སྤྱོད་བྱེད་སྟངས་ཀྱི་ལམ་སྟོན། Australia Explained

Australia Explained: Sunscreen

ཉི་སྲུང་འབྱུག་རྫས་ནི་ང་ཚོའི་ཉི་སྲུང་ལག་ཆའི་ནང་གི་ཆ་ཤས་གལ་ཆེན་ཞིག་རེད། Credit: པར་ཁུངས། གྷེ་ཊི་པར་རིས།

ཨོ་སི་ཊེ་ལི་ཡའི་ཉི་འོད་ནི་ཧ་ཅང་དྲག་པོ་ཡོད། ཉི་སྲུང་འབྱུག་རྫས་ནི་ཉི་འོད་ཀྱི་གནོད་སྐྱོན་ལས་སྲུང་སྐྱོབ་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་རེད། ང་ཚོས་ཉི་སྲུང་འབྱུག་རྫས་ཀྱི་དངོས་དོན་དང་། ལོག་རྟོག །དེ་བཞིན་ཉི་སྲུང་ཐོན་རྫས་འཚམ་ཤོས་དེ་འདེམས་སྒྲུག་བྱེད་སྟངས་སྐོར་ཚན་རིག་པ་གསུམ་ལ་དྲིས་པ་ཡིན།


གཙོ་གནད།
  • ཨོ་སི་ཊེ་ལི་ཡའི་ནང་ཉི་འོད་སྲུང་སྐྱོབ་བྱེད་པའི་ཐབས་ལམ་གཞན་དག་མཉམ་དུ་ཉི་སྲུང་འབྱུག་རྫས་བེད་སྤྱོད་བྱེད་རྒྱུ་ནི་གཡོལ་ཐབས་མེད་པ་ཞིག་ཡིན།
  • ཉི་སྲུང་འབྱུག་རྫས་ཀྱིས་ཉི་འོད་ཀྱི་གནོད་སྐྱོན་ལས་སྲུང་སྐྱོབ་བྱེད་ཐུབ་པ་ར་སྤྲོད་བྱས་ཡོད།
  • ཉི་སྲུང་འབྱུག་རྫས་བེད་སྤྱོད་འགོ་འཛུགས་བྱེད་པར་ནམ་ཡང་ཕྱི་དྲགས་མེད། འོན་ཀྱང་ཇི་ལྟར་འབྱུག་དགོས་མིན་གལ་ཆེན་པོ་རེད།
  • ཆེད་མཁས་པ་ཚོས་བརྗོད་གསལ་ལྟར་ན་གསོ་བཅོས་ཐོན་རྫས་སྟངས་འཛིན་ལས་ཁུངས་ཀྱིས་ཁས་ལེན་ཡོད་པའི་ཉི་འོད་སྲུང་སྐྱོབ་ཚད་གཞི་ ༣༠ ཡན་ཆད་དམ་ཡང་ན་ ༥༠ ཡན་ཆད་དང་། ཉི་འོད་དུག་ཅན་རིགས་སྣ་ཚོགས་ལས་སྐྱོབ་ནུས་པ། ཆུ་འགོག་ནུས་པ་བཅས་ཀྱི་ཁྱད་ཆོས་ཅན་གྱི་ཉི་སྲུང་འབྱུག་རྫས་འདེམས་དགོས་པ་རེད།

པགས་པའི་འབྲས་ནད་ཀྱི་ཚད་གཞི་མཐོ་ཤོས་ཡོད་པས་ཨོ་སི་ཊེ་ལི་ཡར་ནི་འཛམ་གླིང་ནང་པགས་པའི་འབྲས་ནད་ཀྱི་ལྟེ་བ་ཞེས་འབོད།

ཨོ་སི་ཊེ་ལི་ཡའི་ནང་པགས་པའི་འབྲས་ནད་ཕལ་ཆེ་བ་ནི་ཉི་འོད་ནང་གི་དུག་རྫས་ཅན་གྱི་འོད་ཟེར་ཐད་ཀར་ཕོག་པའི་རྐྱེན་གྱིས་ཡིན། དེ་ནི་ཉི་འོད་ནང་ནས་སྲེག་ཚད་དང་དུས་ཡུན་རིང་པོར་པགས་པར་གནོད་སྐྱོན་བཟོ་བའི་ཆ་ཤས་དེ་རེད།

ཨོ་སི་ཊེ་ལི་ཡའི་ནང་པགས་པའི་འབྲས་ནད་དང་མེ་ལ་ནོ་མ་ཞེས་པའི་ལྤགས་འབྲས་ཚབས་ཆེ་ཤོས་ཀྱིས་མནར་མཁན་ཇི་ཙམ་ཡོད།

“ཨོ་སི་ཊེ་ལི་ཡའི་མི་གསུམ་ནས་གཉིས་ཀྱི་མི་ཚེའི་ནང་པགས་པའི་འབྲས་ནད་ཕོག་གི་ཡོད།” ཅེས་སི་ཌི་ནི་བྱིས་པའི་སྨན་ཁང་དུ་ཕྲུ་གུའི་ལྤགས་ནད་ཀྱི་ཆེད་མཁས་སྨན་པ་ལིན་ཌ་མར་ཊེན་གྱིས་བརྗོད། ཁོང་ནི་ཨོ་སི་ཊེ་ལི་ཡའི་མེ་ལ་ནོ་མ་ལྷན་ཚོགས་ཀྱི་སློབ་སྟོན་པ་དང་ནིའུ་སའོ་ཐ་ཝེལ་སི་གཙུག་ལག་སློབ་གྲྭ་ཆེན་མོའི་ལྤགས་ནད་རིག་པའི་སྡེ་ཚན་གྱི་འགོ་འཛིན་ཡིན།

ན་གཞོན་ཕོ་མོ་གཉིས་ཀའི་མི་ཚེའི་རིང་མི་བཅོ་ལྔ་ནས་གཅིག་ལ་མེ་ལ་ནོ་མའི་པགས་པའི་འབྲས་ནད་ཕོག་པའི་ཉེན་ཁ་ཡོད།

“དེའི་དོན་ནི་འདི་ལོར་སྔོན་འགྲོའི་སློབ་གྲྭ་འགོ་འཛུགས་བྱེད་མཁན་འཛིན་གྲྭ་རེ་རེའི་ནང་ནས་གསུམ་ཆ་གཉིས་ལ་ནར་སོན་སྐབས་པགས་པའི་འབྲས་ནད་ཕོག་གི་ཡོད། དེའི་ཁྲོད་ནས་འཛིན་གྲྭ་རེའི་ནང་ནས་གཅིག་གམ་གཉིས་ལ་མེ་ལ་ནོ་མའི་འབྲས་ནད་ཀྱིས་མནར་གྱི་ཡོད།”

Australia Explained: Sunscreen
མེ་ལ་ནོ་མ་ནི་པགས་པའི་འབྲས་ནད་ཀྱི་རིགས་ཚབས་ཆེ་ཤོས་དེ་རེད། Credit: LordHenriVoton/Getty Images

པགས་པའི་འབྲས་ནད་སྔོན་འགོག་བྱེད་ཐབས་ཅི་ཞིག་ཡོད་དམ།

སྨན་པ་མར་ཊིན་གྱིས་ "གནས་ཚུལ་བཟང་པོ་ཞིག་ནི། ང་ཚོས་རང་ཉིད་ཀྱི་སྤྱོད་ལམ་བརྒྱུད་ཉི་འོད་སྲུང་སྐྱོབ་ཀྱི་ཚད་གཞི་ཚོད་འཛིན་བྱེད་ཐུབ་པ་དང་། དེ་ནི་ཕྱི་རོལ་ཏུ་སྡོད་པའི་དུས་ཡུན་ཚད་བཀག་བྱེད་ཅིང་། ཉི་མའི་འོད་དུག་ཀྱི་ཚད་གཞི་ཇི་ཙམ་ལ་ཕྱི་རོལ་ཏུ་འགྲོ་རྒྱུ་འདེམས་པ་སོགས་ནས་འགོ་འཛུགས་དགོས།" ཞེས་གསུངས།

ང་ཚོས་སྤྱོད་ལམ་བརྒྱུད་ཉི་འོད་སྲུང་སྐྱོབ་བྱེད་ཐུབ་ཅེས་མར་ཊིན་གྱིས་གསུངས་ཡོད།

'ཨོ་སི་ཊེ་ལི་ཡའི་ནང་ཕྱི་ལོ་བརྒྱད་ཅུ་གྱ་གྲངས་ནང་འཚར་ལོང་བྱུང་བ་ཚོས་སྤྲས་འབྱུག་གོན་ཟེར་བའི་བྱ་འགུལ་རིམ་པ་དེ་དག་ལ་གོམས་ཡོད། དེ་ནི་དེང་སང་ཉི་འོད་སྲུང་སྐྱོབ་ཀྱི་དཔང་རྟགས་ལ་གཞི་བཅོལ་བའི་བྱ་ཐབས་ལྔ་ཅན་ཞིག་ཏུ་འཕེལ་རྒྱས་བྱུང་ཡོད།

  • ཉི་འོད་སྲུང་སྐྱོབ་ཀྱི་གྱོན་ཆས་སྤྲས།
  • ཉི་འོད་སྲུང་སྐྱོབ་ཚད་གཞི་ ༣༠ ཡན་ཆད་དང་། ཉི་འོད་དུག་ཅན་རིགས་སྣ་ཚོགས་ལས་སྐྱོབ་ནུས་པ། ཆུ་འགོག་ནུས་པ་བཅས་ཀྱི་ཁྱད་ཆོས་ཅན་གྱི་ཉི་སྲུང་འབྱུག་རྫས་བྱུགས།
  • ཁ་ཞེང་ཆེ་བའི་ཞྭ་མོ་གྱོན།
  • གྲིབ་ནག་ལ་སྡོད།
  • མིག་ཤེལ་གྱོན།
    Slip slop slap.png
    Credit: healthdirect.gov.au

    ཉི་སྲུང་འབྱུག་རྫས་ཀྱིས་པགས་པའི་འབྲས་ནད་ལས་སྲུང་སྐྱོབ་བྱེད་ཐུབ་བམ།

ཉི་སྲུང་འབྱུག་རྫས་ནི་ང་ཚོའི་ཉི་འོད་ཀྱི་དུག་རྫས་ལས་སྲུང་སྐྱོབ་བྱེད་པའི་ལག་ཆའི་ཆ་ཤས་གཅིག་ཙམ་ཡིན། འོན་ཀྱང་དེ་བེད་སྤྱོད་བྱེད་རྒྱུ་གལ་ཆེན་པོ་ཡིན་ཏེ། ཨོ་སི་ཊེ་ལི་ཡའི་ཚན་རིག་པ་ཚོས་སྔ་མོ་ནས་དེའི་ཕན་ནུས་ར་སྤྲོད་བྱས་ཡོད།

སྨན་པ་མར་ཊིན་གྱིས་ 'ནམ་བྷོར་ཚོད་ལྟ་' ཞེས་ཉི་སྲུང་འབྱུག་རྫས་བེད་སྤྱོད་བྱེད་པ་དེས་པགས་པའི་འབྲས་ནད་འབྱུང་ཚད་ཉུང་དུ་གཏོང་ཐུབ་པ་ར་སྤྲོད་བྱེད་མཁན་གྱི་ཚོད་འཛིན་ཚོད་ལྟ་ཞིག་ལ་གཞི་བཅོལ་ནས་གསུངས་དོན།

"ཚོད་ལྟ་དེ་འགོ་བཙུགས་ནས་དུས་ཡུན་ལོ་བཅུའི་རྗེས། ཉི་སྲུང་འབྱུག་རྫས་ཉིན་ལྟར་བེད་སྤྱོད་བྱེད་མཁན་གྱི་སྡེ་ཚན་ནང་པགས་པའི་འབྲས་ནད་ཀྱིས་མནར་མཁན་གྱི་ཚད་དེ་ཕྱེད་ཀ་ཆགས་ཡོད།

"དེས་ཉི་སྲུང་འབྱུག་རྫས་ཀྱིས་ནུས་པ་ཐོན་པ་དང་། དེས་པགས་པའི་འབྲས་ནད་སྔོན་འགོག་བྱེད་ཐུབ་པ་སྟོན་གྱི་ཡོད། དེ་བཞིན་ཁྱེད་རང་ལོ་ལྔ་བཅུར་སོན་སྐབས་ཉི་སྲུང་འབྱུག་རྫས་བེད་སྤྱོད་འགོ་བཙུགས་པ་ཡིན་ནའང་ཕྱིས་དྲགས་མེད།" ཅེས་གསུངས་ཡོད།

Australia Explained: Sunscreen
ཉི་སྲུང་འབྱུག་རྫས་དེ་ཉི་འོད་སྲུང་སྐྱོབ་བྱེད་ཐབས་གཞན་གྱིས་སྲུང་སྐྱོབ་བྱེད་མི་ཐུབ་པའིི་ལུས་པོའི་ཆ་ཤས་དེ་དག་ལ་བྱུགས། Credit: Darren Robb/Getty Images

ཉི་འོད་སྲུང་སྐྱོབ་ཚད་གཞ་ི (SPF) ཞེས་པ་དེ་གང་ཡིན་ནམ།

ཉི་སྲུང་འབྱུག་རྫས་ཚང་མའི་ཐུམ་སྒྲིལ་ཐོག་ཨེ་སི་པི་ཨེ་ཧྥོ་ཞེས་པའི་ཨང་གྲངས་ཞིག་ཡོད་པ་དེ་ནི། ཇི་ཙམ་ཉི་འོད་སྲུང་སྐྱོབ་ཀྱི་ནུས་པ་ཐོན་པའི་ཚད་གཞི་ཡིན།

ཉི་འོད་སྲུང་སྐྱོབ་ཚད་གཞི་ཇི་ཙམ་མཐོ་ན་ཉི་སྲུང་འབྱུག་རྫས་ཀྱི་སྲུང་སྐྱོབ་དུས་ཡུན་དེ་ཙམ་རིང་བ་ཡོད།

ཨོ་སི་ཊོ་ལི་ཡའི་ཉི་སྲུང་འབྱུག་རྫས་སྟངས་འཛིན་ལས་ཁུངས་སམ། གསོ་བཅོས་ཐོན་རྫས་སྟངས་འཛིན་ལས་ཁུངས་ཀྱིས་ཉི་འོད་སྲུང་སྐྱོབ་ཚད་གཞི་ ༣༠ ལས་མཐོ་བའི་ཉི་སྲུང་འབྱུག་རྫས་ཚང་མས་'ཕན་ནུས་ལྡན་པའི་སྲུང་སྐྱོབ་'ཀྱི་ཕན་ནུས་ཐོན་གྱི་ཡོད་པར་བརྩི་བ་ཡིན།

ཕྱི་ལོ་ ༢༠༢༤ ལོའི་ཟླ་ ༨ ཚེས་ ༡ ཉིན་བར་གལ་ཆེའི་འཕྲོད་བསྟེན་སྒྲིག་འཛུགས་འབྲས་ནད་ལྷན་ཚོགས་ཀྱིས་ཚོང་རར་ཉི་འོད་སྲུང་སྐྱོབ་ཚད་གཞི་ ༥༠ ནི་ཚད་མཐོ་ཤོས་ཀྱི་ཉི་སྲུང་འབྱུག་རྫས་དེ་ཡིན་དགོས་པའི་སྐུལ་མ་བྱས་ཡོད།

ཉི་སྲུང་འབྱུག་རྫས་མ་ནོར་བར་བེད་སྤྱོད་བྱེད་ཚུལ།

ཉི་སྲུང་འབྱུག་རྫས་ཀྱི་ནུས་པ་ཐོན་པར་བྱེད་དགོས་ན། ཁྱེད་ཀྱིས་དེ་ནོར་འཆུགས་མེད་པའི་ཐོག་ནས་བེད་སྤྱོད་བྱེད་དགོས། ཞེས་ནིའུ་སའོ་ཐ་ཝལ་སི་གཙུག་ལག་སློབ་ཆེན་གྱི་ཚན་རིག་སྡེ་ཚན་གྱི་དངོས་ཁམས་རྫས་འགྱུར་རིག་པ་བ་སློབ་དཔོན་ཨན་ན་ཝང་ལགས་ཀྱིས་འགྲེལ་བརྗོད་གནང་ཡོད།

འབྱུག་རྫས་འདང་ངེས་པ་ཞིག་ཆུ་ཚོད་གཉིས་རེའི་མཚམས་སུ་བསྐྱར་དུ་ཐེངས་རེ་བྱུག་པ་དང་། དེ་བྱུགས་རྗེས་སྐར་མ་ཉི་ཤུའི་རྗེས་ཕྱིར་ཐོན་རྒྱུ་སོགས་ཚང་མ་གལ་ཆེན་པོ་ཡིན།
སྨན་པ་ཨན་ན་ཝང་ལགས།

ཆུ་འགོག་ནུས་པའི་ཉི་སྲུང་འབྱུག་རྫས་ཡིན་ནའང་། ཆུ་རྐྱལ་རྒྱག་པ་དང་། རྔུལ་ཆུ་འདོན་པ། ཡང་ན་ཕྱིས་རས་བེད་སྤྱོད་བྱས་རྗེས་ཆུ་ཚོད་གཉིས་རེའི་མཚམས་སུ་བསྐྱར་དུ་བྱུག་དགོས།

ཉི་འོད་ཕོག་པའི་ལུས་ཀྱི་ཆ་ཤས་རེ་རེར་ཉི་སྲུང་འབྱུག་རྫས་ཧ་ལམ་སྨི་ལི་ལི་ཊར་ལྔ་ (ཕལ་ཆེར་ཐུར་མ་གང་) ཙམ་བྱུག་དགོས།

ཉི་སྲུང་འབྱུག་རྫས་འདེམས་སྐབས་ཅི་ཞིག་ལ་དོ་སྣང་བྱེད་དགོས་སམ།

ཉི་འོད་ནང་ང་ཚོར་འཕྲད་པའི་དུག་འོད་གྱི་རིགས་གཉིས་ཡོད། དེ་ནི་ཡུ་ཝི་ཨེ་དང་། ཡུ་ཝི་བྷི་རེད།

དེ་གཉིས་ཀ་པགས་པའི་འབྲས་ནད་དང་འབྲེལ་བ་ཡོད་པས། ཁྱེད་ཀྱི་ཉི་སྲུང་འབྱུག་རྫས་ཀྱིས་རྒྱ་ཆེ་བའི་སྲུང་སྐྱོབ་ངེས་པར་དུ་མཁོ་སྤྲོད་བྱེད་དགོས། ཞེས་སྨན་པ་ཝང་ལགས་ཀྱིས་གསུངས།

"གལ་ཏེ་ཉི་སྲུང་འབྱུག་རྫས་ལ་རྒྱ་ཆེ་བའི་སྲུང་སྐྱོབ་ཅེས་བཀོད་འདུག་ན། དེས་ཡུ་ཝི་ཨེ་དང་། ཡུ་ཝི་བྷི་ གཉིས་ཀ་ལས་སྲུང་སྐྱོབ་བྱེད་ཀྱི་ཡོད།

"ཡུ་ཝི་བྷི་ནི་པགས་པ་འཚིག་པའི་རྒྱུ་རྐྱེན་ཡིན་པ་དང་། ཡུ་ཝི་ཨེ་ནི་བརྒྱུད་རྫས་ལ་གནོད་སྐྱོན་བཟོ་བའི་རྒྱུ་རྐྱེན་ཡིན་ཞིང་། དེས་འབྲས་ནད་འབྱུང་བའི་གཞི་མ་བྱེད་སྲིད།"

Australia Explained: Sunscreen
ཆུ་རྐྱལ་རྒྱག་པ་དང་ཕྱི་རོལ་དུ་ལུས་རྩལ་སྦྱོང་སྐབས་ཆུ་འགོག་ནུས་པའི་ཉི་སྲུང་འབྱུག་རྫས་ནི་ངེས་པར་དུ་བྱུག་དགོས། Credit: པར་ཁུངས། གྷི་ཏི་པར་རིས།

ཁྱེད་ཀྱི་ཉི་སྲུང་འབྱུག་རྫས་ལ་གསོ་བཅོས་ཐོན་རྫས་སྟངས་འཛིན་ལས་ཁུངས་ཀྱི་ཁས་ལེན་མཚོན་རྟགས་ཡོད་དགོས།

ཨེ་ཌི་ལེ་ཌི་གཙུག་ལག་སློབ་ཆེན་གྱི་འདུས་རྡུལ་སྨན་རྫས་རིག་པ་བ་དང་། དུག་དཔྱད་རིག་པ་བ་སྨན་པ་ལེན་མ་སི་གྷེ་རེབ་ལགས་ཀྱིས་"གལ་ཏེ་ཁྱེད་ཀྱིས་སྒོ་རྩིས་ཚོང་ཁང་ཆེན་པོ་དང་སྨན་ཚོང་ཁང་ནས་ཉི་འགོག་འབྱུག་རྫས་ཉོས་ན། དེའི་གཤམ་དུ་ཁོང་ཚོས་ AUST-L དང་ཨང་གྲངས་རིང་པོ་ཞིག་བཀོད་ཡོད་པ་མཐོང་ངེས།" ཞེས་འགྲེལ་བརྗོད་གནང་ཡོད།

ཉི་སྲུང་འབྱུག་རྫས་བེད་སྤྱོད་བྱེད་སྐབས་ངས་ཝི་ཊ་མིན་ཌི་མ་འདང་བའི་ཆ་ལ་སེམས་ཁྲལ་བྱེད་དགོས་སམ།

སྨན་པ་ལེན་མ་སི་གྷེ་རེབ་ལགས་ཀྱིས་ "ཨོ་སི་ཊེ་ལི་ཡའི་ནང་། ཉི་སྲུང་འབྱུག་རྫས་ཀྱིས་ཝི་ཊ་མིན་ཌི་འདང་ངེས་ཐོབ་རྒྱུར་འགོག་རྐྱེན་བཟོ་བའི་སེམས་ཁྲལ་བྱེད་མི་དགོས།གང་ཡིན་ཟེར་ན་ང་ཚོར་ཉི་འོད་ཀྱི་ཤུགས་ཚད་ཧ་ཅང་མཐོ་བོ་ཕོག་གི་ཡོད་པས། ཉི་མའི་འོག་ཞར་ལ་བསྐྱོད་པ་ཙམ་གྱིས་ཝི་ཊ་མིན་ཌི་འདང་ངེས་བསྐྲུན་ཐུབ།

ང་ཚོས་པགས་པ་འཚིག་པ་དང་འབྲས་ནད་འགོག་པའི་ཆེད་དུ་ཉི་སྲུང་འབྱུག་རྫས་ག་ཚོད་བེད་སྤྱད་པ་དེས་ཝི་ཊ་མིན་ཌི་ཐོབ་རྒྱུར་འགོག་རྐྱེན་བཟོ་མི་ཐུབ།" ཅེས་གསུངས།

ང་ཚོས་པགས་པ་འཚིག་པ་དང་འབྲས་ནད་འགོག་པའི་ཆེད་དུ་ཉི་སྲུང་འབྱུག་རྫས་ག་ཚོད་བེད་སྤྱད་པ་དེས་ཝི་ཊ་མིན་ཌི་ཐོབ་རྒྱུར་འགོག་རྐྱེན་བཟོ་མི་ཐུབ།
སྨན་པ་ལེན་མ་སི་གྷེ་རེབ་ལགས།

ཉི་སྲུང་འབྱུག་རྫས་ཀྱི་གྲུབ་ཆ་དང་རང་ངོས་ནས་བཟོས་པའི་ཉི་སྲུང་འབྱུག་རྫས་སྐོར་གྱི་དངོས་ཡོད་གནས་ཚུལ་ཅི་ཞིག་ཡིན་ནམ།

གསོ་བཅོས་ཐོན་རྫས་སྟངས་འཛིན་ལས་ཁུངས་ཀྱིས་ངོས་ལེན་ཡོད་པའི་ཉི་སྲུང་འབྱུག་རྫས་ནང་རྒྱུན་རིང་བདེ་འཇགས་ངང་བེད་སྤྱོད་བྱས་པའི་གྲངས་འབོར་ངེས་ཅན་གྱི་གྲུབ་ཆ་འདུས་ཡོད།

ཉི་སྲུང་འབྱུག་རྫས་ཚང་མ་རྫས་འགྱུར་ལས་གྲུབ་པ་ཡིན་ཞིང་། དེའི་ནང་"གཏེར་རྫས་ཁོ་ན་"ཞེས་པའི་ཚོང་རྟགས་ཅན་གྱི་ཉི་སྲུང་འབྱུག་རྫས་ཀྱང་ཚུད་ཡོད།

"གཏེར་རྫས་"དང་"རྫས་འགྱུར་"གྱི་ཉི་སྲུང་འབྱུག་རྫས་གཉིས་ཀས་གནོད་ཀྱི་མེད་ལ་ཕན་ནུས་ལྡན་པ་གཅིག་མཚུངས་ཡིན། མི་འདྲ་བ་ནི་དེ་གཉིས་ཀྱིས་བྱ་བ་བྱེད་ཚུལ་གྱི་ཁྱད་པར་ཙམ་ཡིན།

"གལ་ཏེ་ཡང་འབྱུག་སྟངས་མ་ནོར་ན། དེ་གཉིས་ཀས་ཉི་འོད་ཀྱི་དུག་ལས་སྲུང་སྐྱོབ་གཅིག་མཚུངས་བྱེད་ཐུབ།" ཅེས་སྨན་པ་མ་སི་གྷེ་རེབ་ལགསཀྱིས་འགྲེལ་བཤད་བྱས་ཡོད།

"གཏེར་རྫས་ཀྱི་ཉི་སྲུང་འབྱུག་རྫས་ལ་ཟངས་རྫས་ལྟ་བུའི་གཏེར་རྫས་ཡོད་པ་དེ་དག་གིས་རྩ་བའི་ཆ་ནས་ཉི་འོད་དུག་འགོག་པ་དང་། རྫས་འགྱུར་གྱི་ཉི་སྲུང་འབྱུག་རྫས་ལ་སྐྱེས་དངོས་ཀྱི་རྫས་རིགས་ཡོད་པ་དེ་དག་གིས་ཉི་འོད་ཀྱི་དུག་རྫས་འཇིབ་ཀྱི་ཡོད།

Australia Explained: Sunscreen
མཛེས་བཟོའི་ཐོན་རྫས་ལ་ཨེ་སི་པི་ཨེ་སི་ཚད་གཞི་ཡོད་སྲིད་ཀྱང་། གསོ་བཅོས་ཐོན་རྫས་སྟངས་འཛིན་ལས་ཁུངས་ཀྱི་ངོས་ལེན་ཡོད་པའི་ཉི་སྲུང་འབྱུག་རྫས་དང་མི་འདྲ་བར་དེ་དག་གིས་སྲུང་སྐྱོབ་འདང་ངེས་སྤྲོད་ཀྱི་མེད། Credit: Lajst/Getty Images

རང་ངོས་ནས་བཟོས་པའི་ཉི་སྲུང་འབྱུག་རྫས་གྱིས་འཕྲུལ་རིག་བསྐོལ་ནས་བཟོས་པ་དག་གི་ཚབ་བྱེད་ཐབས་མེད་པས། ཁྲོམ་རའི་ནང་གི་ཐོན་རྫས་ཁོ་ནར་བརྟེན་ན་བཟང་།

སྨན་པ་ཝང་གིས་"མི་རྣམས་ཀྱིས་ཉི་སྲུང་འབྱུག་རྫས་ནི་ཇི་ཙམ་གྱི་གསོ་རིག་ལག་རྩལ་མཐོ་པོ་ཡིན་པ་གདེང་འཇོག་བྱེད་ཀྱི་མེད་ཅེས་གསུངས།

"ཉི་སྲུང་འབྱུག་རྫས་བཟོ་མཁན་ཚོས་ལོ་ངོ་བཅུ་ཕྲག་མང་པོའི་རིང་ལ་དེ་དག་གི་གྲུབ་རྫས་འཚོལ་ཞིབ་བྱས་ནས་ང་ཚོར་སྲུང་སྐྱོབ་བྱེད་པ་དང་མཉམ་དུ་བདེ་པོ་ཡོང་བ་བཟོས་ཡོད།"

མཐའ་དོན། རིན་གོང་མཐོ་བའི་ཉི་སྲུང་འབྱུག་རྫས་རྣམས་ངེས་པར་དུ་རིན་གོང་དམའ་བའི་རིགས་ལས་ལེགས་པ་ཡོད་མི་དགོས། གཙོ་བོ་ཁྱེད་ཀྱིས་རྒྱུན་དུ་འབྱུག་ཚུལ་མ་ནོར་བར་ཡང་སེ་བེད་སྤྱོད་བྱེད་པའི་ཉི་སྲུང་འབྱུག་རྫས་ཤིག་འདེམས་རྒྱུ་དེ་གལ་ཆེ་ཤོས་རེད། ཅེས་སྨན་པ་ཝང་ལགས་ཀྱིས་མཇུག་བསྡུས་ཡོད།

དཔྱད་བརྗོད་འདིའི་ནང་སྤྱིར་བཏང་གི་གནས་ཚུལ་ཁོ་ན་འདུས་ཡོད། ཁྱེད་རང་གི་གནས་སྟངས་དང་འབྲེལ་བའི་སློབ་སྟོན་ཆེད་དུ་ཆེད་ལས་སྨན་པ་བསྟེན་དགོས།།

ཨོ་སི་ཊེ་ལི་ཡར་གནས་སྤོ་བྱས་རྗེས་རིན་ཐང་ལྡན་པའི་གནས་ཚུལ་དང་ལམ་སྟོན་མང་ཙམ་ཤེས་རྟོགས་བྱེད་པའི་ཆེད་དུ། ཨོ་སི་ཊེ་ལི་ཡ་འགྲེལ་བརྗོད་ཀྱི་ཆེད་སྒྲིག་སྒྲ་བརྙན་ལེ་ཚན་ཁག་ལ་ཉན་པའམ་རྗེས་འབྲང་བྱེད་རོགས།

ཁྱེད་ལ་དྲི་བ་དང་བརྗོད་གཞི་གང་ཞིག་གི་སྐོར་ལ་བསམ་འཆར་ཡོད་ན་ང་ཚོར་ australiaexplained@sbs.com.au ལ་གློག་འཕྲིན་གཏོང་རོགས།


Share

Download our apps

Watch on SBS

SBS World News

Take a global view with Australia's most comprehensive world news service

Watch now