གཙོ་དོན།
- ཚ་རླབས་ནི་ས་གནས་ཤིག་ཏུ་ཉིན་གསུམ་ལས་མང་བར་ཉིན་མཚན་གཉིས་ཀར་ཚ་དྲོད་མཐོ་པོ་རྒྱུན་མཐུད་དུ་གནས་པ་དེ་ཡིན།
- ཨོ་སི་ཁྲུ་ལི་ཡའི་རྒྱལ་ཡོངས་གནམ་གཤིས་ཉེན་ཁའི་དཔྱད་ཞིབ་ཐོག་མ་དེ་བཏོན་པ་ལྟར་ན། དྲོད་ཚད་མཐོ་རུ་འགྲོ་བཞིན་པའི་འཛམ་གླིང་གི་གནས་སྟངས་འོག་ཚ་རླབས་ཀྱི་དུས་སྐབས་ཇེ་མང་དང་ཇེ་སྡུག་ཏུ་འགྲོ་བཞིན་ཡོད།
- ཨོ་སི་ཁྲུ་ལི་ཡའི་ནང་དུ་འབྱུང་བཞིའི་གནོད་འཚེ་གཞན་ལས་ཚ་རླབས་ཀྱི་གནོད་འཚེས་མི་མང་བའི་ཚེ་སྲོག་འཕྲོག་གི་ཡོད་པ་དང་། ལྷག་པར་དུ་རྒན་རྒོན་དང་། གཞི་རྩའི་འཕྲོད་བསྟེན་གྱི་དཀའ་ངལ་ཡོད་མཁན། བྱིས་པ་ཆུང་ཆུང་། དེ་བཞིན་མངལ་ཆགས་པའི་བུད་མེད་བཅས་ལ་ཉེན་ཁ་ཆེན་པོ་ཡོད།
- ཚ་རླབས་ཟེར་བ་དེ་ཅི་ཞིག་ཡིན་ནམ།
- ཚ་རླབས་དེ་ཉེན་ཁ་ཆེན་པོ་ཡིན་པའི་རྒྱུ་མཚན།
- ཚ་རླབས་དེ་དམིགས་སུ་མངལ་ཆགས་པའི་བུད་མེད་ལ་ཉེན་ཁ་ཆེ་དོན་ཅི་ཡིན།
- ཚ་རླབས་ཀྱི་དུས་སྐབས་ལ་གྲ་སྒྲིག་ཇི་ལྟར་བྱེད་དགོས།
- ཚ་རླབས་ལྡང་བའི་དུས་སྐབས་ལ་གདོང་ལེན་ཇི་ལྟར་བྱེད་དགོས།
- ཁང་པའི་ནང་གི་བཟོ་བཀོད་ཀྱི་ཁྱད་ཆོས་གང་དག་གིས་ཚ་རླབས་ཀྱི་ཤུགས་རྐྱེན་ཉུང་དུ་གཏོང་བར་ཕན་ཐོགས་ཡོང་ངམ།
- ཚ་རླབས་ཀྱི་སྐོར་ལ་གནས་ཚུལ་མང་བ་གང་ནས་འཚོལ་དགོས།
ཚ་རླབས་ཟེར་བ་དེ་ཅི་ཞིག་ཡིན།
ཚ་རླབས་ནི་ས་གནས་གཅིག་ཏུ་ཉིན་མཚན་གཉིས་ཀར་ཚ་དྲོད་མཐོ་པོ་རྒྱུན་མཐུད་དུ་གནས་པའི་དུས་ཡུན་ཉིན་གསུམ་ལས་མང་བ་ཡིན།
ཨོ་སི་ཁྲུ་ལི་ཡའི་གནམ་གཤིས་ཞབས་ཞུ་ལས་ཁུངས་ཀྱིས་ཉེ་ཆར་ཨོ་སི་ཁྲུ་ལི་ཡའི་ རྒྱལ་ཡོངས་གནམ་གཤིས་ཉེན་ཁའི་དཔྱད་ཞིབ་ ཐོག་མ་དེ་བཏོན་པ་དང་། དེའི་ནང་དུ་དྲོད་ཚད་འཕར་བཞིན་པའི་འཛམ་གླིང་གི་གནས་སྟངས་འོག་འབྱུང་བའི་གནོད་འཚེ་རྣམས་འགྱུར་བཞིན་ཡོད་པ་གསལ་སྟོན་བྱས་ཡོད་པར་གཞིགས་ན། ཚ་རླབས་ལྟ་བུའི་གནམ་གཤིས་ཀྱི་དོན་རྐྱེན་ཚབས་ཆེན་རྣམས་ཇེ་མང་དང་ཇེ་སྡུག་ཏུ་འགྲོ་རྒྱུ་ཡིན་པ་དང་། དེས་སྤྱི་ཚོགས་དང་། འཕྲོད་བསྟེན། དཔལ་འབྱོར། དེ་བཞིན་ཁོར་ཡུག་བཅས་ལ་ཤུགས་རྐྱེན་ཐེབས་རྒྱུ་རེད།
ཚ་རླབས་ལྡང་བའི་སྐབས་སུ་ཁྱིམ་དང་ལས་ཁུངས་ལྟ་བུའི་གལ་ཆེའི་གནས་ཁང་ཁག་གྲང་མོ་ཉར་རྒྱུར་དཀའ་ངལ་འཕྲད་སྲིད་པས། མི་རྣམས་ལ་བདེ་བོ་མེད་པ་བཟོ་བ་དང་འཕྲོད་བསྟེན་ལ་ཉེན་ཁ་འཕྲད་ཀྱི་ཡོད།
"འདས་པའི་ལོ་ངོ་ཉི་ཤུ་ཙམ་གྱི་རིང་ལ་ང་ཚོས་མཐོང་བ་ནི་ཚ་རླབས་ཀྱི་འབོར་ཇེ་མང་དང་། དུས་ཡུན་རིང་དུ་འགྲོ་མ་ཟད། རླབས་ཤུགས་ཇི་དྲག་ཏུ་འགྲོ་བཞིན་ཡོད་"ཅེས་སི་ཌི་ནི་གཙུག་ལག་སློབ་གྲྭའི་ཚད་པ་དང་འཕྲོད་བསྟེན་ཞིབ་འཇུག་ལྟེ་གནས་ཀྱི་སློབ་དཔོན་ཨོ་ལི་ཇེ་ཡིས་འགྲེལ་བརྗོད་གནང་ཡོད།
ཨོ་སི་ཁྲུ་ལི་ཡར་ཚ་རླབས་ཇེ་དྲག་ཏུ་འགྲོ་བཞིན་པའི་སྐབས་འདིར། དེ་དག་གི་ཉེན་ཁ་དང་དེ་ལ་གདོང་ལེན་བྱེད་སྟངས་སྐོར་ཤེས་རྟོགས་བྱེད་རྒྱུ་གལ་ཆེན་པོ་ཡིན།

སི་ཌི་ནི་དུ་ཚ་བ་ཆེ་བའི་ཉིན་མོ་ཞིག། Credit: པར་ཁུངས། ཧན་སི་ / པིག་སེ་བྷེ་པར་རིས།
ཚ་རླབས་ཉེན་ཁ་ཆེན་པོ་ཡིན་པའི་རྒྱུ་མཚན།
ཚ་རླབས་ནི་ཚ་བ་ཆེ་བའི་ཁོར་ཡུག་གི་གནོད་རྐྱེན་དུ་མ་མཉམ་འདུས་དང་། རྐྱེན་དེ་དག་གིས་ཚ་བའི་གདུང་བ་འཕེལ་བ་ལ་བརྟེན་ནས་ང་ཚོའི་ལུས་ལ་དྲོད་ལས་བྱུང་བའི་ངལ་ཐུབ་འཕྲད་ཀྱི་ཡོད།
"ཚ་བ་ཆེ་བའི་ཁོར་ཡུག་གི་རང་བཞིན་ནི་དྲོད་ཚད་ཡིན་པ་དང་། དེ་ནི་གྲིབ་བསིལ་དང་བསྡུར་བ། དེ་བཞིན་རླན་གཤེར་དང་། ཁྱེད་རང་ཐད་ཀར་ཉི་འོད་འོག་ཡོད་མེད་དང་། རླུང་ཇི་ཙམ་རྒྱག་གི་ཡོད་མེད་བཅས་ནས་ཤེས་ཀྱི་ཡོད། ཚ་དུབ་ནི་ཁྱེད་ཀྱི་ལུས་པོས་མྱོང་བཞིན་པའི་ཚ་བའི་ཤུགས་རྐྱེན་དེ་ཡིན།" ཞེས་སློབ་དཔོན་ཇེ་ཡིས་གསུངས།
ལུས་པོས་ཚ་བའི་བའི་ཤུགས་རྐྱེན་མྱོང་སྐབས། ལུས་ཀྱི་དྲོད་ཚད་འཕར་ནས་ཚད་གྲིབ་ཕོག་པའི་ཉེན་ཁ་ཇེ་ཆེར་འགྲོ་ཡི་ཡོད། དེ་ནི་གཉན་ནད་ཀྱི་རིགས་ཤིག་ཡིན་པ་དང་ཚེ་སྲོག་ལའང་ཉེན་ཁ་ཡོད།
"འོན་ཀྱང་། ཚ་རླབས་འཕྱུར་བའི་སྐབས་སུ་སྨན་ཁང་བསྟེན་མཁན་ནམ་འཆི་མཁན་མང་ཆེ་བ་ཚད་གྲིབ་ཀྱི་རྐྱེན་གྱིས་མ་ཡིན་པར། སྙིང་ཁྲག་གི་དོན་རྐྱེན་ཚབས་ཆེན་གྱི་གྲངས་འབོར་མང་དུ་འགྲོ་བ་དེ་ཡིན།" ཞེས་སློབ་དཔོན་ཇེ་ཡིས་འགྲེལ་བརྗོད་བྱས་ཡོད།
ཚ་རླབས་འཕྱུར་སྐབས་སྙིང་ནད་ཡོད་མཁན་ཚོར་གློ་བུར་སྙིང་རྩ་འགག་པའི་ཉེན་ཁ་ཆེ་བ་ཡོད། དེའི་སྐབས་ཁྱེད་ཀྱི་ལུས་པོས་ཁྲག་ཡོངས་རྫོགས་ལུས་ཀྱི་དཀྱིལ་ནས་པགས་པའི་ངོས་སུ་དེད་དེ་ཁྱེད་རང་གྲང་མོ་བཟོ་ཐབས་བྱེད་ཀྱི་ཡོད་པ་དེས་སྙིང་ལ་ཤུགས་རྐྱེན་ཆེན་པོ་སྤྲོད་ཀྱི་ཡོད།སློབ་དཔོན་ཨོ་ལི་ཇེ་ཡི།
དེ་དང་ཆབས་ཅིག་ང་ཚོའི་ལུས་པོས་ལུས་པོ་གྲང་མོ་བཟོ་ཆེད་རྔུལ་ཆུ་མང་པོ་འདོན་གྱི་ཡོད་པ་དང་། དེས་རླངས་འགྱུར་གྱི་ཚ་བ་འདོན་ཚད་ཇེ་མང་དུ་གཏོང་གི་ཡོད་ཅེས་སློབ་དཔོན་ཇེ་ཡིས་བརྗོད་ཡོད།
"དེའི་རྐྱེན་གྱིས་རིམ་བཞིན་ཆུ་སྐམ་པའི་ཉེན་ཁ་ཇེ་ཆེར་འགྲོ་བ་དང་། དེས་ཚད་གྲིབ་ཕོག་པའི་ཉེན་ཁ་ཇེ་ཆེར་གཏོང་བ་མ་ཟད། དེ་བཞིན་སྙིང་ཁྲག་གི་ཤུགས་རྐྱེན་ཇེ་ཆེར་གཏོང་གི་ཡོད་པ་དང་། དེ་ནི་དཀའ་ངལ་ཡོད་མཁན་ཚོར་དེ་བས་ཀྱང་ཉེན་ཁ་ཆེ་བ་ཞིག་ཡིན།"
ཚ་རླབས་འཕྱུར་སྐབས་རྒན་རྒོན་ཚོར་ཚ་བ་རྒྱག་པའི་ཉེན་ཁ་ཆེ་བ་ཡོད། དེ་ནི་ཁོང་ཚོའི་ལུས་པོས་རྔུལ་ཆུ་འདོན་པའི་ནུས་པ་ཉུང་བ་ཡོད་པའི་རྐྱེན་གྱིས་ཡིན།
ཨོ་སི་ཁྲུ་ལི་ཡའི་ནང་དུ་འབྱུང་བའི་གནོད་འཚེ་གཞན་ལས་ཚ་རླབས་ཀྱིས་ཚེ་སྲོག་མང་བ་འཕྲོག་གི་ཡོད།
"ཚ་རླབས་ལ་ལྐོག་གསོད་པ་ཞེས་འབོད་ཀྱི་ཡོད། རྒྱུ་མཚན་ནི་དེ་དག་གིས་ང་ཚོའི་ལུས་པོར་གནོན་ཤུགས་སྤྲོད་པ་དང་། གཞི་རྩའི་འཕྲོད་བསྟེན་གྱི་དཀའ་ངལ་ཡོད་པའི་མི་རྣམས་ལ་གནོད་སྐྱོན་ཆེ་རུ་གཏོང་གི་ཡོད།" སྤྱི་སྨན་པ་མི་ཤེལ་ཧམ་རོ་སི་ཡིས་འགྲེལ་བརྗོད་གནང་ཡོད།
"ང་ཚོས་ཤེས་གསལ་ལྟར་ན། ཚ་རླབས་ཀྱིས་སེམས་ཁམས་ཀྱི་འཕྲོད་བསྟེན་ལའང་ཤུགས་རྐྱེན་ཐེབས་ཀྱི་ཡོད། ཚ་རླབས་འཕྱུར་སྐབས་སུ་སེམས་ཁམས་ཀྱི་གནས་སྟངས་ལས་བྱུང་བའི་སྨན་ཁང་དུ་བསྟེན་མཁན་གྱི་གྲངས་འབོར་ཧ་ཅང་མང་དུ་འགྲོ་གི་ཡོད། དེའི་ནང་དུ་རང་ཤི་རྒྱག་པ་དང་སྤྱོད་པ་དྲག་རྩུབ་སྟོན་མཁན་གྱི་གྲངས་འབོར་ཡང་འཕར་གྱི་ཡོད།"

སི་ཌི་ནི་གཙུག་ལག་སློབ་གྲྭའི་ཚད་པ་དང་འཕྲོད་བསྟེན་ཞིབ་འཇུག་ལྟེ་གནས་ཀྱི་སློབ་དཔོན་ཨོ་ལི་ཇེ་ཡི་མཆོག་གི་འདྲ་པར། སི་ཌི་ནི་གཙུག་ལག་སློབ་གྲྭ་ནས་བཏོན་པ། པར་ཁུངས། Credit: ཇོ་སེབ་བྷི་ཧྥོར་ཌི་པར་ལེན་པ།
ཚ་རླབས་དེ་དམིགས་སུ་མངལ་ཆགས་པའི་བུད་མེད་ལ་ཉེན་ཁ་ཆེ་དོན་ཅི་ཡིན་ནམ།
སྨན་པ་ཧམ་རོ་སི་ཡིས་འགྲེལ་བརྗོད་གནང་བ་ལྟར་ན། ཚ་རླབས་ཀྱིས་མངལ་ཆགས་པའི་བུད་མེད་རྣམས་ལའང་ཉེན་ཁ་བཟོ་སྲིད།
"གལ་ཏེ་ཁྱེད་རང་ལ་ཚ་དྲོད་ཆེ་དྲགས་ན། དེས་ཕྲུ་གུའི་འཕྲོད་བསྟེན་ལ་ཤུགས་རྐྱེན་ངན་པ་ཐེབས་སྲིད། དེ་བཞིན་ཆུ་སྐམ་པ་དང་། ཁྲག་ཤེད་མཐོ་རུ་འགྲོ་བ། ཕྲུ་གུ་སྔ་དུས་སུ་སྐྱེ་བ་སོགས་ཀྱི་ཉེན་ཁ་ཡང་འབྱུང་གི་ཡོད།"
རེ་བྷེ་ཀ་ཌེ་མར་ཀོ་ལ་ཕྲུ་གུ་གསུམ་གྱི་མངལ་ཆགས་སྐབས་སུ་གསུམ་ག་ལ་ཚ་རླབས་ཀྱི་རྐྱེན་པས་འཕྲོད་བསྟེན་གྱི་དཀའ་ངལ་མྱངས་ཡོད།
ཁོ་མོས་བརྗོད་དོན། "ང་ལ་ཚ་དྲོད་ཀྱི་རྨ་དང་། ཆུ་མགྱོགས་པོར་བསྐམས་པ། ཐེངས་འགར་ཚད་གྲིབ་ཀྱང་ཕོག་ལ་ཁད་བྱུང་། ང་ནི་ཕྱི་རོལ་དུ་འགྲོ་བ་དང་བྱ་བ་བྱེད་རྒྱུར་དགའ་བའི་མི་ཞིག་ཡིན་པས། དེས་ནད་རྟགས་དེ་དག་ཇེ་སྡུག་ཏུ་བཏང་ཡོད་ངེས།" ཅེས་དང་།
"དེ་བཞིན་ཕྲུ་གུ་གསར་སྐྱེས་རྣམས་ལའང་དེ་དང་དེ་འདྲ་བའི་གནས་སྟངས་བྱུང་ཡོད། ཚ་དྲོད་ཀྱི་རྨ་དང་ཆུ་སྐམ་པ་སོགས་ཧ་ཅང་སྡུག་པོ་བྱུང་བ་དང་། དེ་དག་ཚང་མ་དོ་དམ་བྱེད་པའི་སེམས་ཁྲལ་ཡང་བྱུང་།" ཞེས་ཟེར།
རེ་བྷེ་ཀ་ཡིས་བཤད་པ་ལྟར་ན། མངལ་ཆགས་སྐབས་ཚ་དྲོད་ལ་གདོང་ལེན་བྱེད་སྟངས་སྦྱོང་བའི་གནད་འགག་ནི་ཅི་ཞིག་ཡོང་རྒྱུ་ཡིན་པ་ཤེས་པ་དང་སྔོན་ཚུད་ནས་འཆར་གཞི་བཟོ་རྒྱུ་དེ་ཡིན།

སྤྱི་སྨན་པ་མི་ཤེལ་ཧམ་རོ་སི་མཆོག་གི་འདྲ་པར། Credit: པར་ཁུངས། སྨན་པ་མི་ཤེལ་ཧམ་རོ་སི།
ཚ་རླབས་ཀྱི་དུས་སྐབས་ལ་གྲ་སྒྲིག་ཇི་ལྟར་བྱེད་དགོས།
ཚ་རླབས་ལ་གྲ་སྒྲིག་བྱེད་པར་ཚ་རླབས་ཀྱི་འཆར་གཞི་ཞིག་ཡོད་པ་གལ་ཆེན་པོ་ཡིན།
"ཁྱེད་ཀྱི་ཁང་པའི་ནང་གི་གྲང་ཤོས་ཀྱི་ས་ཆ་གང་ཡིན་པ་དང་། ཚ་བ་ཆེ་བའི་སྐབས་གྲང་མོར་གནས་ཐུབ་པའི་ས་ཆ་ཤིག་བསྐྲུན་ཐུབ་མིན་ལ་བསམ་བློ་གཏོང་དགོས། དེ་ནི་ཁྱེད་ཀྱི་ཁང་པའི་ནང་གི་གྲང་གློག་ཡོད་པའི་ཁང་མིག་གཅིག་པུ་དེ་ཡིན་སྲིད། དེ་བཞིན་གལ་ཏེ་ཁྱེད་ལ་རང་ཁྱིམ་དུ་གྲང་མོ་ཉར་རྒྱུའི་མཐུན་རྐྱེན་མེད་ན། གང་དུ་འགྲོ་ཐུབ་མིན་བསམ་བློ་གཏོང་དགོས། དེ་ནི་ཁྱེད་ཀྱི་ནང་མི་དང་གྲོགས་པོའི་ཁང་པ། ས་གནས་དཔེ་མཛོད་ཁང་། ཚོང་ཁང་། ཡང་ན་ཚད་སྐྱོབ་ཁང་སོགས་ཡིན་སྲིད།" ཅེས་སྨན་པ་ཧམ་རོ་སི་ཡིས་འགྲེལ་བརྗོད་གནང་ཡོད།
“ཚ་རླབས་འཕྱུར་སྐབས་སུ་གློག་ཆད་པ་འབྱུང་སྲིད་པས་དེ་ལ་འཆར་གཞི་སྒྲིག་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དཔེར་ན་ཆུ་ཤེལ་དམ་འཁྱགས་སྒམ་ནང་འཇོག་པ་དང་། རང་ཉིད་ལ་ཆུ་གཏོར་བྱེད་ཀྱི་ཆུ་དམ་ཆུང་ཆུང་འཁྱེར་བ། ཟས་རིགས་དང་སྨན་རྫས་འཁྱགས་སྒམ་ནང་ཉར་ཚགས་བྱེད་པ་ལྟ་བུ་རེད།”
ཕྱི་རོལ་ཏུ་རླུང་བུ་ལྡང་ན་སྒེའུ་ཁུང་ཕྱེ་དགོས་པ་དང་། ཕྱི་རོལ་གྱི་ཚ་དྲོད་ཁྱིམ་གྱི་ནང་ལས་མཐོ་བར་གྱུར་ན་སྒེའུ་ཁུང་རྒྱག་དགོས།

ཚ་རླབས་སྐབས་སུ་ཆུ་གྲང་མོའི་ཁྲུས་བྱེད་པ་ནི་གྲང་མོ་བཟོ་བའི་ཐབས་ལམ་ནུས་པ་ཅན་ཞིག་རེད། Credit: པར་ཁུངས། / པེག་སེ་བྷི།
ཚ་རླབས་ལྡང་བའི་དུས་སྐབས་ལ་གདོང་ལེན་ཇི་ལྟར་བྱེད་དགོས།
ཚ་རླབས་ཤིག་ཕོག་སྐབས་གྲང་མོ་བཟོ་བའི་ཆེད་དུ་ལག་ལེན་བྱེད་དགོས་པའི་ལམ་སྲོལ་ཞིག་ཡོད།
“ངའི་ཁྱིམ་དུ་ཐོག་མར་ཞོགས་པ་སྔ་པོ་ནས་ཁང་པའི་ནང་གི་སྒེའུ་ཁུང་ཚང་མ་རྒྱག་པ་དང་རླུང་འཁོར་སྤར་བ་དེ་རེད། རླུང་འཁོར་ནི་གྲང་མོ་བཟོ་བའི་ཐབས་ལམ་ནུས་པ་ཅན་ཞིག་རེད། ལྷག་པར་དུ་རླུང་འཁོར་འོག་ཏུ་བསྡད་དེ་ལུས་པོ་ཅུང་ཙམ་རློན་པ་བཟོ་ཐུབ་ན་དེ་བས་ཀྱང་ཡག་པོ་རེད།” ཞེས་སྨན་པ་ཧམ་རོ་སི་ཡིས་གསུངས།
“གལ་ཏེ་ཁྱེད་ཀྱིས་གྲང་གློག་བེད་སྤྱོད་བྱས་ན་གྲང་ཚད་ ༢༦ ལ་སྒྲིག་དགོས། དེས་ཁྱེད་ལ་གློག་ཤུགས་གྲོན་ཆུང་བྱེད་པ་དང་གྲང་མོ་བཟོ་བར་ཕན་ཐོགས་ཡོད། དེ་བཞིན་ཉིན་སྒང་ཆུ་མང་པོ་འཐུང་རྒྱུ་དེ་ཡང་གལ་ཆེན་པོ་རེད།”
རླུང་འཁོར་བེད་སྤྱོད་བྱེད་པ་ཕན་ཐོགས་ཡོད་ཀྱང་དེའི་ཚད་ངེས་ཅན་ཞིག་ཡིན། སློབ་དཔོན་ཇེ་ཡིས་འགྲེལ་བཤད་གནང་བ་ལྟར་ན།
“རླུང་འཁོར་གྱིས་དོན་དངོས་སུ་ཚ་དྲོད་ཀྱི་གནོན་ཤུགས་ཇེ་ཆེར་གཏོང་གི་ཡོད་པས་དཀའ་ངལ་ཇེ་སྡུག་ཏུ་གཏོང་གི་ཡོད། དེར་བརྟེན་ཚ་དྲོད་ ༤༠ སེལ་སི་ཡན་ལ་མ་སླེབས་བར་དུ་རླུང་འཁོར་བེད་སྤྱོད་བྱེད་དགོས་པ་དང་། གལ་ཏེ་ཚ་དྲོད་ ༤༠ སེལ་སི་ཡན་ལ་སླེབས་ཡོད་ན་རླུང་འཁོར་བེད་སྤྱོད་མ་བྱས་ན་ཡག་གི་རེད།” སློབ་དཔོན་ཇེ་ཡིས་གསུངས།

ཚ་རླབས་སྐབས་སུ་རླུང་འཁོར་བེད་སྤྱོད་བྱེད་པ་ཕན་ཐོགས་ཡོད་ཀྱང་ཚ་དྲོད་༤༠སེལ་སི་ཡན་ལ་མ་སླེབས་བར་དུ་རེད། Credit: པར་ཁུངས། / པེག་སེ་བྷི།
“ཉིན་སྒང་གི་ཚ་དྲོད་ཆེ་ཤོས་ཀྱི་དུས་སུ་ཕྱི་ལ་འགྲོ་རྒྱུ་གཡོལ་ཐུབ་བམ། གང་ཡིན་ཟེར་ན་དེ་ནི་མི་རྣམས་དཀའ་ངལ་ནང་ལྷུང་བའི་གནས་དེ་རེད། གལ་ཏེ་ཁྱེད་ལ་སྨན་བཅོས་ཀྱི་དུས་ཚོད་བཟོས་ཡོད་ན་དེ་དྲ་ཐོག་ནས་ཐུབ་རྒྱུ་བཟོ་ཐུབ་བམ། དེ་ལྟར་བྱས་ན་ཉིན་གང་གི་ཚ་དྲོད་ཆེ་ཤོས་ཀྱི་དུས་སུ་ཕྱི་ལ་འགྲོ་མི་དགོས་པ་རེད།”
ཁྱིམ་མཚེས་དང་རྒན་རྒོན་ལ་ལྟ་རྟོག་བྱེད་རྒྱུ་དེ་ཡང་དྲན་དགོས། གལ་ཏེ་ཁྱེད་རང་ངམ་གཞན་ཞིག་ལ་ན་ཚ་ཕོག་པ་དང་། མགོ་ན་བ། མགོ་ཡུ་འཁོར་བ། གཟུགས་པོ་ཉམས་ཞན་པ། ཤ་གནད་ལ་ན་ཟུག་རྒྱག་པ་སོགས་བྱུང་ན་གྲང་མོ་བཟོ་བའི་ཐབས་ལམ་འཚོལ་དགོས།
“གལ་ཏེ་མི་ཞིག་མགྱོགས་པོར་དྲག་སྐྱེད་མ་བྱུང་བའམ་ནད་རྟགས་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་ན། སྨན་པ་འམ་འཕྲོད་བསྟེན་ཐད་ཀར་ཏེ་ཧལ་ཏེ་ཌ་རེག་ཊི་ལ་ཁ་པར་གཏོང་དགོས་པའི་ལམ་སྟོན་བྱེད་ཀྱི་ཡོད། གལ་ཏེ་ནད་རྟགས་ཚབས་ཆེན་ཡིན་ན། དཔེར་ན། མགོ་འཐོམས་པ་དང་། དྲན་པ་འཐོར་བ། བྲང་ཁོག་ན་ཟུག་གཏོང་བ། ཚ་བ་ཧ་ཅང་མཐོ་པོ་རྒྱས་པ་སོགས་བྱུང་ན་མྱུར་སྐྱོབ་རླངས་འཁོར་ལ་ཁ་པར་གཏོང་དགོས་པའི་ལམ་སྟོན་བྱེད་ཀྱི་ཡོད།”
བྱིས་པ་དམར་སྦྱར་ཚོར་གྱོན་གོས་སྲབ་པོ་གྱོན་དུ་འཇུག་རྒྱུ་གལ་ཆེན་པོ་ཡིན། གལ་ཏེ་ཚ་བ་ཆེ་ན་གཅིན་གོས་ཙམ་གྱིས་ཀྱང་ཆོག།
ཟླ་བ་དྲུག་ལས་མ་ལོན་པའི་བྱིས་པ་ཚོར་ཨ་མའི་འོ་མ་དང་སྡེབ་སྦྱོར་བྱས་པའི་འོ་མ་ཡང་ཡང་སྟེར་ནས་ཕྲུ་གུ་ཆུང་ཆུང་ཚོར་འཐུང་བྱ་འདང་ངེས་ཡོད་པ་བྱེད་དགོས། གལ་ཏེ་ཟླ་བ་དྲུག་ལས་བརྒལ་ཡོད་ན། ཆུ་བསྐོལ་གྲང་མོ་དང་། གཤེར་ཁུ་མང་པོ་ཡོད་པའི་ཟས་རིགས་དཔེར་ན་ཆུ་ག་གོན་དང་ལུམ་འབྲས་ལྟ་བུ་ཡང་ཡང་སྤྲོད་དགོས།
གལ་ཆེ་ཤོས་གཞན་གཅིག་ནི་ཕྲུ་གུ་ཆུང་ཆུང་རླངས་འཁོར་ནང་དུ་གཏན་ནས་འཇོག་མི་རུང་། ཚ་རླབས་སྐབས་སུ་དུས་ཡུན་ཐུང་ངུ་ཙམ་ཡིན་ནའང་། ཕྲུ་གུ་ཆུང་ཆུང་ཚོའི་ཚ་དྲོད་མགྱོགས་པོར་ཚད་ལས་བརྒལ་གྱི་ཡོད།སྨན་པ་ཧམ་རོ་སི།
སློབ་དཔོན་ཇེ་ཡི་ལམ་སྟོན་ལྟར་ན། གལ་ཏེ་ཕྱི་ལོགས་ལ་འགྲོ་དགོས་ཚེ། ཉི་འོད་ཐད་ཀར་མི་ཕོག་པའི་གྲིབ་བསིལ་ནང་དུ་སྡོད་རྒྱུ་གལ་ཆེན་པོ་ཡིན།
“གནམ་གཤིས་སྔོན་བརྡའི་ནང་དུ་མཐོང་བའི་ཚ་དྲོད་དེ་ནི་དོན་དངོས་སུ་གྲིབ་བསིལ་ནང་དུ་གྲ་སྒྲིག་བྱས་པའི་ཚ་དྲོད་ཡིན། གལ་ཏེ་ཉི་འོད་ཐད་ཀར་ཕོག་གི་ཡོད་ན། ཁྱེད་ཀྱིས་བསམ་པ་ལས་ཌིག་རི་སེལ་སི་ ༡༥ ནས་ ༡༧ བར་མཐོ་བ་ཡོད་སྲིད། དེར་བརྟེན་གྲིབ་བསིལ་འཚོལ་རྒྱུ་གལ་ཆེན་པོ་ཡིན།” ཞེས་གསུངས།
ཁང་པའི་ནང་གི་བཟོ་བཀོད་ཀྱི་ཁྱད་ཆོས་གང་དག་གིས་ཚ་རླབས་ཀྱི་ཤུགས་རྐྱེན་ཉུང་དུ་གཏོང་བར་ཕན་ཐོགས་ཡོང་ཐུབ་བམ།
ཁང་པའི་ནང་དུ་ཚ་རླབས་ཀྱི་ཤུགས་རྐྱེན་ཉུང་དུ་གཏོང་བར་ཕན་ཐོགས་པའི་བཟོ་བཀོད་ཀྱི་ཁྱད་ཆོས་འགའ་ཞིག་ལ་བསམ་བློ་གཏོང་དགོས།
སློབ་དཔོན་ཇེ་ཡིས “གལ་ཏེ་ཁང་པའི་སྒེའུ་ཁུང་ལ་ཤེལ་སྒོ་གཉིས་བརྩེགས་སམ་གསུམ་བརྩེགས་བསྒར་ཡོད་ན། དེས་ཕྱིའི་ཚད་པ་ནང་དུ་འཕོ་འགྱུར་བྱེད་པ་ཉུང་དུ་གཏོང་གི་ཡོད།” ཅེས་གསུངས།
“སྒེའུ་ཁུང་ལ་གྲིབ་བསིལ་བཀབ་ན་ཕན་ཐོགས་ཡོད། གལ་ཏེ་གྲིབ་བསིལ་དེ་སྒེའུ་ཁུང་གི་ཕྱི་ལོགས་སུ་ཡོད་ན་དེ་བས་ཀྱང་ལེགས། དེ་བཞིན་ཁྱེད་ཀྱིས་ཁང་པའི་ཐོག་ལ་དྲོད་འགོག་ནུས་པ་ཤུགས་ཆེ་རུ་གཏོང་ཐབས་བྱེད་ཆོག”

བུ་ཕྲུག་ཚོས་མདུན་གྱི་ར་བའི་ནང་དུ་ཆུ་རྐྱལ་རྩེད་མོ་རྩེ་བཞིན་པ། Source: iStockphoto / པར་ཁུངས།/གྷི་ཊི་པར་རིས།
ཚ་རླབས་ཀྱི་སྐོར་ལ་གནས་ཚུལ་མང་བ་གང་ནས་འཚོལ་དགོས།
འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་དྲྭ་ཚིགས་སུ་ཚ་རླབས་དང་ཚ་དྲོད་ཀྱི་འཕྲོད་བསྟེན་སྐོར་གནས་ཚུལ་ཕན་ཐོགས་ཅན་ཡོད།
ཁྱེད་ཀྱིས་ཨོ་སི་ཁྲུ་ལི་ཡའི་མངའ་སྡེ་དང་ས་ཁུལ་སོ་སོའི་འཕྲོད་བསྟེན་ལས་ཁུངས་ཀྱི་དྲྭ་ཚིགས་ལའང་གཟིགས་ཆོག དཔེར་ན། ནིའུ་སའོ་ཐི་ཝེལ་སི་འཕྲོད་བསྟེན་ལས་ཁུངས་ཀྱི་ ‘ཚ་དྲོད་ལ་གདོང་ལེན་བྱེད་པ’ ཞེས་པའི་དྲ་ཚིགས་ ལྟ་བུ།
སློབ་དཔོན་ཇེ་དང་ཁོང་གི་རུ་ཁག་གིས་དྲ་ཐོག་གི་ཧི་ཊི་ཝ་ཆི་ཞེས་པའི་རིན་མེད་ཀྱི་ལག་ཆ་ཅིག་གསར་སྤེལ་བྱས་ཡོད་པ་དེས་མི་རྣམས་ལ་སྒེར་གྱི་ཚ་དྲོད་ཀྱི་ཉེན་ཁའི་དཔྱད་ཞིབ་བཟོ་ཐུབ།
“ཁྱེད་ཀྱིས་རང་ཉིད་ཀྱི་ལོ་ཚད་དང་། ཁྱེད་ལ་རྒྱུན་རིང་ནད་གཞི་ཡོད་མེད། ཁྱེད་ལ་གྲང་གློག་ཡོད་མེད་བཅས་ཞིབ་འཇུག་དགོས། དེས་ཁྱེད་ཀྱི་ས་གནས་ཀྱི་སྦྲག་ཨང་ཤེས་ཀྱི་ཡོད་སྟབས་གནམ་གཤིས་ཀྱི་གནས་ཚུལ་རིན་མེད་བེད་སྤྱོད་བྱེད་ཀྱི་ཡོད།” ཅེས་སློབ་དཔོན་ཇེ་ཡིས་འགྲེལ་བཤད་གནང་ཡོད།
“ཧི་ཊི་ཝ་ཆི་ཡིས་ཁྱེད་ལ་ཉིན་སྒང་སྒེར་གྱི་ཚ་དྲོད་ཀྱི་ཉེན་ཁའི་གྲངས་ཐོ་ཞིག་སྤྲོད་ཀྱི་ཡོད། དེས་ཁྱེད་ལ་ཉིན་གང་སྒང་རང་ཉིད་ལ་ཉེན་ཁ་གང་འདྲ་ཡོད་པ་ཤེས་རྟོགས་བྱེད་པར་རོགས་བྱེད་པ་དང་ཉིན་བདུན་གྱི་གནམ་གཤིས་སྔོན་བརྡ་ཡང་སྤྲོད་ཀྱི་ཡོད་པ་མ་ཟད། དཔང་རྟགས་ལ་གཞི་བཅོལ་བའི་སྒེར་གྱི་གྲང་མོ་བཟོ་རྒྱུའི་ཐབས་ལམ་སྟོན་པ་དང་། མི་རྣམས་ལ་རང་ཉིད་ཀྱི་བྱེད་སྒོ་འཆར་འགོད་བྱེད་པར་རོགས་རམ་བྱེད་ཀྱི་ཡོད།”
ཨོ་སི་ཁྲུ་ལི་ཡའི་ནང་འཚོ་བ་གསར་པར་གཞིས་ཆགས་པའི་སྐོར་གྱི་རིན་ཐང་ལྡན་པའི་གནས་ཚུལ་དང་ལམ་སྟོན་ཐོབ་ཕྱིར། ཨོ་སི་ཁྲུ་ལི་ཡ་འགྲེལ་བརྗོད་ལེ་ཚན་གྱི་སྒྲ་སྒམ་གྱི་རྗེས་སུ་འཇུག་པའམ་ཚོགས་ཞུགས་བྱོས།
ཁྱོད་ལ་དོགས་འདྲི་དང་བརྗོད་གཞི་གཞན་ཅི་ཞིག་ཡོད་ཚེ་ང་ཚོར་གཤམ་གྱི་དྲྭ་བྱང་ཐོག་གློག་འཕྲིན་བསྐུར་གནང་ཡོད་པ་ཞུ། australiaexplained@sbs.com.au










