གྷར་མ་དུས་སྟོན་ནི་ཨོ་སི་ཊེ་ལི་ཡའི་གདོད་རིགས་མི་དམངས་ཀྱི་རིག་གཞུང་གི་འདུ་འཛོམས་ཆེ་ཤོས་དེ་ཡིན་ཞིང་། དུས་སྟོན་དེའི་ཕྱིར་བྱང་ཕྱོགས་མངའ་ཁུལ་གྱི་ནུ་ལུན་བྷ་ཡི་གྲོང་བརྡལ་གྱི་བྱང་ཤར་ཨར་ནེམ་ཡུལ་ཞེས་པའི་ས་ཁུག་ཅིག་ཏུ་མི་དམངས་སྟོང་ཚོ་མང་པོ་འཛོམས་ཀྱི་ཡོད་། འདིར་ང་ཚོས་གྷར་མ་འི་དུས་སྟོན་གྱི་བྱུང་བ་དང་སུ་ཞིག་ཆ་ཤས་ལེན་ཐུབ་མིན་སོགས་བསྟན་ཡོད།
གཙོ་གནད།
- གྷར་མ་ནི་ཨོ་སི་ཊེ་ལི་ཡའི་གདོད་རིགས་མི་དམངས་ཀྱི་རིག་གཞུང་གི་འདུ་འཛོམས་ཆེ་ཤོས་དེ་ཡིན།
- དུས་སྟོན་འདི་ལོ་ལྟར་ཟླ་བརྒྱད་པའི་ནང་འཚོགས་ཤིང་། ཡོ་ཐུ་ཡིན་ཌི་དགེ་རྩ་ཚོགས་པས་གོ་སྒྲིག་བྱེད་ཀྱི་ཡོད།
- དུས་སྟོན་འདི་ནི་སྲོལ་རྒྱུན་གྱི་མཛད་སྒོ་དང་ཆབ་སྲིད་ཀྱི་རྩོད་གླེང་གཉིས་གཅིག་ཏུ་མཐུད་པའི་ཟམ་པ་ཞིག་ཡིན་པས་སྐབས་དེར་ཨོ་སི་ཊེ་ལི་ཡའི་ཆབ་སྲིད་ཀྱི་དབུ་ཁྲིད་མཐོ་ཤོས་དང་། ལས་སྣེ་འགན་འཛིན། ལས་འགུལ་བ་དང་སྒྱུ་རྩལ་པ་བཅས་ལྷན་དུ་འཛོམས་ཀྱི་ཡོད།
- གྷར་མ་དུས་སྟོན་ཞེས་པ་དེ་གང་ཡིན་ནམ།
- གྷར་མ་དུས་སྟོན་བྱུང་ཚུལ།
- གྷར་མ་དུས་སྟོན་ཚོགས་ཡུལ།
- གྷར་མ་དུས་སྟོན་གལ་ཆེན་པོ་ཡིན་དོན་ཅི་ཡིན།
- གྷར་མ་དུས་སྟོན་ལ་སུ་ཞིག་ཞུགས་ཀྱི་ཡོད་དམ།
- གྷར་མ་དུས་སྟོན་གྱི་སྐབས་ཅི་ཞིག་བྱེད་ཀྱི་ཡོད་དམ།
དཔྱད་རྩོམ་འདིའི་ནང་བཀོལ་བའི་གདོད་རིགས་མི་དམངས་ཀྱི་མིང་ཚིག་དང་དེའི་དོན་སྙིང་།
ཡོལ་ནུ། བྱང་ཤར་ཨར་ནེམ་ཡུལ་གྱི་གྲོང་རྡལ་དང་ཉེ་འཁོར་གྱི་ས་ཁུལ་དུ་གནས་པའི་རུས་རྒྱུད་ཀྱི་ཚོགས་པ་ཞིག་ལ་ཟེར། ཡོལ་ནུའི་སྐད་ནང་དུ་གང་ཟག་གི་དོན་ལ་གོ །
ཡོལ་ནུ་མཱ་ཐ། ཡོལ་ནུས་སྤྱོད་པའི་སྐད་རིགས་རྣམས་ལ་གོ །
གྷར་མ། ཡོལ་ནུའི་སྐད་ནང་དུ་ཕྱོགས་གཉིས་འཛོམས་ཀྱི་སློབ་སྦྱོང་གི་བརྒྱུད་རིམ་ཞིག་ལ་ཟེར།
ཨར་ནེམ་ཡུལ། ཨོ་སི་ཊེ་ལི་ཡའི་བྱང་ཕྱོགས་མངའ་ཁུལ་གྱི་མཐོ་སྒང་དུ་ཆགས་ཤིང་། ཌར་ཝིན་ནས་སྤྱི་ལེ་ ༥༠༠ ཙམ་གྱི་ཤར་ཕྱོགས་སུ་ཡོད།
ནུ་ལོན་བྷུ། ཨར་ནེམ་ཡུལ་གྱི་ཤར་ཕྱོགས་ཀྱི་གྲོང་རྡལ་ཆེ་ཤོས་དེ་ཡིན་ཞིང་། ཌར་ཝིན་ནས་སྤྱི་ལེ་ ༡༠༠༠ ཙམ་གྱི་ཤར་ཕྱོགས་སུ་ཡོད།
གྷུལ་ཀུ་ལ། སྲོལ་རྒྱུན་གྱི་འདུ་འཛོམས་བྱ་ཡུལ་གྱི་གནས་ཤིག་ལ་ཟེར།
གྷན་བུ་ལ་པུ་ལ། ཡོལ་ནུ་བ་ཚོར་ཡི་དག་གི་ཁྱེར་ཡོང་མཁན་གྱི་སྔ་མའི་མེས་པོ་ཞིག་ལ་འདོད།
ཡི་ཌག་གི (ཌིག་གྷེར་རི་ཌིའུ་ཞེས་ཀྱང་འབོད།) གདོད་རིགས་མི་དམངས་ཀྱི་སྲོལ་རྒྱུན་གྱི་གླིང་བུ་ཞིག།
མིན་ཡི་ཇི། འདྲ་རིས་རྩ་ཆེན་ལ་ཟེར།
མན་ནི་ཀེ། གདོད་མའི་གླུ་གཞས་ལ་ཟེར།
བྷུང་གུལ། སྲོལ་རྒྱུན་གྱི་མཆོད་པའི་ཞབས་བྲོ་རྣམས་ལ་ཟེར།
བྷིལ་མ། ལག་པས་གཞུ་བྱེད་པའི་རོལ་ཆ་རྣམས་ལ་ཟེར།
Warning: Aboriginal and Torres Strait Islander people are advised that the following article contains the names of Indigenous peoples who have passed.
གྷར་མ་དུས་སྟོན་ཞེས་པ་དེ་གང་ཡིན་ནམ།
གྷར་མ་དུས་སྟོན་ནི་ཨོ་སི་ཊེ་ལི་ཡའི་གདོད་རིགས་མི་དམངས་ཀྱི་རིག་གཞུང་གི་འདུ་འཛོམས་ཆེ་ཤོས་དེ་ཡིན་ཞིང་། དུས་སྟོན་དེའི་ཕྱིར་མི་སྟོང་ཕྲག་མང་པོ་ནུ་ལོན་བྷུ་གྲོང་རྡལ་གྱི་བྱང་ཤར་ཨར་ནེམ་ཡུལ་དུ་འཛོམས་ཀྱི་ཡོད།
དུས་སྟོན་འདི་ནི་ཉིན་བཞིའི་རིང་གི་ཡོལ་ནུའི་རིག་གཞུང་གི་དགའ་སྟོན་ཞིག་ཡིན།ལོ་ལྟར་ཕྱི་ཟླ་བརྒྱད་པའི་ནང་འཚོགས་ཀྱི་ཡོད།
ཡོལ་ནུའི་མི་རྣམས་ནི་བྱང་ཤར་ཨར་ནེམ་ཡུལ་གྱི་གདོད་རིགས་མི་དམངས་ཡིན་ཞིང་། ཡོལ་ནུའི་སྐད་ནང་དུ་གྷར་མ་ཞེས་པ་ནི་ཕྱོགས་གཉིས་འཛོམས་ཀྱི་སློབ་སྦྱོང་གི་བརྒྱུད་རིམ་ཞིག་ལ་ཟེར།
དེ་ནི་ཚང་མར་ཤེས་བྱ་བགོ་བཤའ་རྒྱག་རྒྱུ་ཡོད་པ་ངོས་འཛིན་བྱེད་པའི་འདུ་ཤེས་ཤིག་ཡིན། ཚོགས་པ་གཅིག་གིས་གཞན་ལ་སློབ་སྦྱོང་སྤྲོད་པའི་ཚབ་ཏུ། མི་རྣམས་ཀྱིས་ཉན་པ་དང་། དྲི་བ་འདྲི་བ། མི་ཚེའི་འགྲོ་སྟངས་མི་འདྲ་བ་ལ་བརྩི་བཀུར་བྱེད་པ་བརྒྱུད་ཕན་ཚུན་སློབ་སྦྱོང་བྱེད་ཀྱི་ཡོད།
དུས་སྟོན་འདིའི་ཐོག་སྲོལ་རྒྱུན་གྱི་མིན་ཡི་ཇི་ (རི་མོ།) མན་ནི་ཀེ (གླུ་གཞས།) དང་དར་ཁྱབ་ཆེ་བའི་བྷུང་གུལ་(ཞབས་བྲོ།) བཅས་འགྲེམས་སྟོན་བྱེད་ཀྱི་ཡོད།
གལ་ཆེ་ཤོས་ནི་གྷར་མ་ནི་གདོད་རིགས་མི་དམངས་ཀྱི་མི་རིགས་ཀྱི་སྤྱི་ཚོགས་དང་། ཆབ་སྲིད། ཁོར་ཡུག་བཅས་ཀྱི་གླེང་མོལ་སྣ་ཚོགས་སྤེལ་སའི་གླེང་སྟེགས་ཤིག་ཡིན།
གྷར་མ་དུས་སྟོན་བྱུང་ཚུལ།
དེ་ཡང་ཕྱི་ལོ་ ༡༩༩༩ ལོར་འབུམ་རམས་པ་དམ་པ་ཡུ་ནུ་པིན་གུ་ཨེ་སི་དང་། ཡོ་ཐུ་ཡིན་ཌི། ཨེམ་ཡུ་ནུ་པིན་གུ་བཅས་ཀྱིས་གྷར་མ་དུས་སྟོན་འདི་གསར་འཛུགས་བྱས་པ་ཡིན་ཞིང་། དེའི་དམིགས་ཡུལ་ནི་ཡོལ་ནུའི་རིག་གཞུང་གཅེས་ཉར་དང་། སྲུང་སྐྱོབ། དར་སྤེལ་བཅས་བྱེད་རྒྱུ་དེ་ཡིན།
སྐབས་དེར་སྤྱི་ཚོགས་ནང་གི་རྒན་རབས་མང་པོ་ཞིག་གིས་གལ་ཆེའི་རིག་གཞུང་གི་ཤེས་བྱ་རྣམས་བརླག་བཞིན་པར་སེམས་ཁྲལ་བྱེད་བཞིན་ཡོད། གྷར་མ་ནི་རིག་གཞུང་གི་སྟོབས་ཤུགས་དང་ཆབ་སྲིད་ཀྱི་བགྲོ་གླེང་གཉིས་མཉམ་དུ་འཛོམས་སའི་སྟེགས་བུ་ཞིག་ཏུ་བཙུགས་པ་ཡིན།
“དམིགས་ཡུལ་ནི་རིག་གཞུང་གི་དབྱེ་མཚམས་དག་ལ་མཐུད་སྦྱོར་གྱི་ཟམ་པ་བྱེད་པ་དང་། གྲོས་བསྡུར་དང་ཡོལ་ནུའི་རིག་གཞུང་གི་དགའ་སྟོན་བརྒྱུད་གདོད་རིགས་མི་དམངས་ཀྱི་སྤྱི་ཚོགས་ཀྱི་ནུས་སྟོབས་གོང་སྤེལ་བྱེད་རྒྱུ་དེ་ཡིན་” ཞེས་ཇོན་པོལ་ཇེན་ཀི་ཡིས་གསུངས་ཡོད། ཁོང་ནི་ཨེ་སི་བྷི་ཨེ་སི་ཡི་རྒྱལ་ཡོངས་གདོད་རིགས་མི་དམངས་ཀྱི་ལས་དོན་གྱི་རྩོམ་སྒྲིག་པ་དང་རྒྱལ་ཡོངས་གདོད་རིགས་བརྙན་འཕྲིན་གྱི་གཙོ་དོན་ཞེས་པའི་ལེ་ཚན་གྱི་གཙོ་སྐྱོང་བ་ཞིག་ཡིན།
གྷར་མ་དུས་སྟོན་ཚོགས་ཡུལ།
དུས་སྟོན་འདི་ནི་བྱང་ཤར་ཨར་ནེམ་ཡུལ་གྱི་རུས་རྒྱུད་ལྔ་སྟེ། གུ་མ་ཇི། རི་རད་ཊི་ཇིང་གུ། དི་ཇ་པུ། གྷལ་པུ་དང་ཝང་གུ་རི་བཅས་ཀྱི་སྲོལ་རྒྱུན་གྱི་འདུ་འཛོམས་ས་གནས་གྷུལ་ཀུ་ལར་འཚོགས་ཀྱི་ཡོད།
གུ་མ་ཇིའི་རུས་རྒྱུད་ལ་མཚོན་ན། གྷུལ་ཀུ་ལ་ནི་རྩ་ཆེའི་མཆོད་གནས་ཤིག་ཡིན།
ཡོལ་ནུའི་རིག་གཞུང་ནང་དུ། གྷུལ་ཀུ་ལ་ནི་མི་པོ་གོང་མ་གྷན་བུ་ལ་ཡིས་ཡི་ཌག་ཀི་ཞེས་པའི་ (ཌིག་གྷེར་རི་ཌིའུ་ཞེས་ཀྱང་འབོད།) རླུང་གི་རོལ་ཆ་ཞིག་ཡོལ་ནུ་བ་ཚོར་ཁྱེར་ཡོང་སའི་གནས་ཡིན་པར་འདོད།
དེང་སང་། གྷུལ་ཀུ་ལ་ནི་ལོ་ལྟར་དུས་སྟོན་འདིའི་འདུ་འཛོམས་བྱེད་ཡུལ་ཡིན།
གྷར་མ་དུས་སྟོན་གལ་ཆེན་པོ་ཅིའི་ཕྱིར་ཡིན་ནམ།
ཨེ་སི་བྷི་ཨེ་སི་ཡི་གདོད་རིགས་མི་དམངས་ཚན་པའི་འགན་འཛིན་ཊ་ནི་ཡ་ཌེན་ནིན་ཨོ་མན་གྱིས་གསུངས་པ་ལྟར་ན། གྷར་མ་ནི་འཛམ་གླིང་འདིའི་ནང་གཞན་དང་མི་འདྲ་བའི་དུས་སྟོན་ཞིག་ཡིན།
“གྷར་མ་ནི་ས་ཁམས་དང་ལྷན་དུ་གནས་བབས་ཀྱི་ཆ་ནས་དམིགས་བསལ་ཞིག་ཡིན། དེར་ཞུགས་མཁན་གྱི་མི་རྣམས་ཀྱི་ཆ་ནས་ཀྱང་ཁྱད་པར་ཅན་ཞིག་ཡིན། དེར་བརྟེན། མི་བརྒྱ་ཕྲག་མང་པོ་ལ་དེ་ནི་མི་ལོ་དུ་མའི་རིང་མཉམ་འབྲེལ་གྱི་གླེང་མོལ་དང་། ཆབ་སྲིད་ཀྱི་གླེང་མོལ། གྲོས་བསྡུར་བཅས་ཡོང་སའི་གནས་ཤིག་ཡིན་” ཞེས་གསུངས་ཡོད།
གྷར་མ་དུས་སྟོན་ནི་ཡོལ་ནུའི་རིག་གཞུང་གི་ཤེས་བྱ་སྲུང་སྐྱོབ་བྱེད་པ་དང་། གདོད་རིགས་མི་དམངས་ཀྱི་མི་རིགས་ཀྱི་སྟོབས་ཤུགས་དང་འགོག་རྒོལ་གྱི་ནུས་པ་དར་སྤེལ་བྱེད་པའི་ཆེད་དུ་གསར་འཛུགས་བྱས་པ་ཡིན།
ཡོལ་ནུའི་ས་ཆར་གྷར་མ་དུས་སྟོན་འཚོགས་པ་དེའི་གལ་གནད་ནི་དེ་ནི་མི་རྣམས་ཀྱི་ལོ་ངོ་སྟོང་ཕྲག་མང་པོའི་རིང་རིག་གཞུང་གི་ཤེས་བྱ་རྣམས་བརྒྱུད་སྤྲོད་བྱེད་སའི་གནས་ཞིག་ཏུ་སློབ་སྦྱོང་བྱེད་ཀྱི་ཡོད་པས་ཡིན།
དེས་རྒྱབ་ལྗོངས་མི་འདྲ་བའི་མི་རིགས་རྣམས་ལ་ཕན་ཚུན་སློབ་སྦྱོང་བྱེད་སའི་རིག་གཞུང་གི་བདེ་འཇགས་ཅན་གྱི་ཁོར་ཡུག་ཅིག་མཁོ་སྤྲོད་བྱེད་ཀྱི་ཡོད།
མི་མང་པོ་ཞིག་ལ་མཚོན་ན། དུས་སྟོན་འདི་ནི་རང་བྱུང་ཁོར་ཡུག་ཏུ་དུས་ཚོད་སྐྱེལ་བ་དང་། སྲོལ་རྒྱུན་གྱི་བདག་པོ་རྣམས་ལས་ཐད་ཀར་སློབ་སྦྱོང་བྱེད་པའི་གོ་སྐབས་ཐོག་མ་དེ་ཡིན།
རིག་གཞུང་གི་ལས་རིམ་དང་མཉམ་དུ་གདོད་རིགས་མི་དམངས་དང་ཋོ་རི་སི་སི་མཚོ་འགག་གླིང་ཕྲན་པའི་མི་མང་ལ་འབྲེལ་བའི་སྤྱི་པའི་སྲིད་བྱུས་སྐོར་གྱི་གྲོས་བསྡུར་ཡང་ཡོད། དེས་གདོད་རིགས་མི་དམངས་ཀྱི་མི་རིགས་ཀྱི་དབུ་ཁྲིད་རྣམས་ལ་རིག་གཞུང་གི་དབང་ཆ་དང་ལྷན་དུ་གླེང་མོལ་ལ་ཁྲིད་སྟོན་བྱེད་དུ་འཇུག་གི་ཡོད། དེ་ནི་རང་ཐག་རང་གཅོད་ཀྱི་གལ་ཆེའི་ཆ་ཤས་ཤིག་ཡིན།
རང་ཐག་རང་གཅོད་ནི་གདོད་རིགས་མི་དམངས་ཀྱི་མི་རིགས་རྣམས་ལ་རང་ཉིད་ལ་ཤུགས་རྐྱེན་ཐེབས་པའི་གནད་དོན་ཐོག་ཐག་གཅོད་བྱེད་པའི་བརྒྱུད་རིམ་དེ་ཡིན།
གྷར་མ་དུས་སྟོན་ལ་སུ་ཞིག་ཞུགས་ཀྱི་ཡོད་དམ།
རྒྱུན་ལྡན་གྱི་གོ་ནོར་ཞིག་ནི་གྷར་མ་དུས་ཆེན་ལ་མགྲོན་འབོད་ཐོབ་མཁན་ཁོ་ན་ལ་ཡིན་རྒྱུ་རེད་སྙམ་པ་དེ་རེད། ཡོ་ཐུ་ཡིན་ཌི་ཚོང་གཉེར་འགན་འཛིན་ཌེ་ནི་སི་བྷོ་ཌེན་གྱིས་གྷར་མ་ནི་མི་ཚང་མའི་ཆེད་དུ་ཡིན་པས་ཡོ་དུ་ཡིན་ཌི་ཐེབས་རྩ་ཚོགས་པའི་དྲ་ཚིགས་བརྒྱུད་ནས་ལག་འཁྱེན་ཉོས་ན་སུས་ཀྱང་མཉམ་ཞུགས་བྱེད་ཆོག་ཅེས་གསུངས། "ཡོ་ཐུ་ཡིན་ཌི་ཐེབས་རྩ་ཚོགས་པས་དུས་ཆེན་འདི་སྦྱིན་བདག་གི་ཐོག་ནས་གོ་སྒྲིག་བྱེད་པ་མ་ཟད། ང་ཚོའི་ལག་འཁྱེར་གྱི་ཁེ་འབབ་མང་ཆེ་བ་ས་གནས་དེར་ཕྱིར་སློག་བྱེད་ཀྱི་ཡོད། དེའི་ཐོག་ནས་ང་ཚོས་དུས་སྟོན་སྐབས་ཁྲབ་སྟོན་གནང་མཁནགྱི་སྒྱུ་རྩལ་བ་ཚོར་གླ་དོད་སྤྲོད་ཀྱི་ཡོད།" ཡོ་ཐུ་ཡིན་ཌི་ཐེབས་རྩ་ཚོགས་པས་ཕྱོགས་གཉིས་ཀའི་ཆབ་སྲིད་པ་ཚོར་མགྲོན་འབོད་བྱེད་ཀྱི་ཡོད་པ་དང་། སྔོན་མ་ལོ་ཤས་རིང་ཨོ་སི་ཊེ་ལི་ཡའི་སྲིད་བློན་ཡང་དུས་ཆེན་དེར་ཞུགས་མྱོང་ཡོད། ཞིབ་འཇུག་པ་དང་། སློབ་གསོ་བ། རྒྱབ་སྐྱོར་བ། སྒྱུ་རྩལ་བ། སྡེ་ཁག་གི་ཚོགས་མི་བཅས་ཀྱང་དུས་ཆེན་དེར་མཉམ་ཞུགས་བྱེད་ཀྱི་ཡོད་པས། གྷར་མ་ནི་རྒྱབ་ལྗོངས་མི་འདྲ་བ་ཡོད་པའི་མི་རྣམས་ཀྱིས་བསམ་ཚུལ་བརྗེ་རེས་བྱེད་ས་དང་། མཉམ་ལས་གོང་འཕེལ་གཏོང་ས། སྲིད་བྱུས་གླེང་སའི་གར་སྟེགས་ཤིག་ཆགས་ཡོད།
གྷར་མ་དུས་སྟོན་གྱི་སྐབས་ཅི་ཞིག་བྱེད་ཀྱི་ཡོད་དམ།
གྷར་མའི་དུས་སྟོན་བརྒྱུད་འཛམ་གླིང་ནང་གི་གསོན་པོར་གནས་པའི་རིག་གཞུང་རྙིང་ཤོས་གཅིག་ལ་གོ་རྟོགས་ཟབ་ཏུ་གཏོང་བའི་གོ་སྐབས་ཤིག་སྤྲོད་ཀྱི་ཡོད། ཉིན་མོར་རིག་གཞུང་གི་ཟབ་སྦྱོང་ཁག་ཚོགས་ཀྱི་ཡོད་པ་དང་། མགྲོན་པོ་རྣམས་ཀྱིས་ཡུལ་ནུའི་རྒན་གྲས་ཚོ་ལས་ཡུལ་ནུའི་སྐད་ཡིག་དང། གཉེན་ཉེའི་ལམ་ལུགས། སྒྱུ་རྩལ། གླུ་གཞས་སོགས་ཀྱི་སྐོར་ལ་སློབ་སྦྱོང་བྱེད་ཐུབ། ཉི་མ་ནུབ་ལ་ཉེ་སྐབས་བྷང་གུལ་ཞེས་པ་ཞིག་འཁྲབ་སྟོན་བྱེད་ཀྱི་ཡོད་པ་དང་། དེ་ནི་ཡི་ཌ་ཀི་(ཌི་ཇི་རི་ཌུ་)དང་། བྷིལ་མ་ (ཁ་རྡེབ་རོལ་ཆས) གླུ་བ་ཚོའི་སྐད་སྒྲ་བཅས་ཀྱིས་སྣ་འཛོམས་འཁྲབ་སྟོན་ཞིག་ཡིན། རུས་རྒྱུད་མི་འདྲ་བ་ཚོས་རེས་མོས་བྱས་ནས་རང་རང་གི་གཏམ་རྒྱུད་འཁྲབ་སྟོན་བྱེད་ཀྱི་ཡོད་ཀྱང་། གྷར་མ་ནི་རིག་གཞུང་གི་དུས་ཆེན་ཙམ་མ་ཡིན་པར་། ཡུལ་ནོ་དང་རྒྱལ་ཡོངས་གདོད་རིགས་མི་དམངས་གཞན་དག་ལ་ཤུགས་རྐྱེན་ཐེབས་པའི་གནད་དོན་གལ་ཆེན་ཁག་གླེང་སློང་དང་གྲོས་བསྡུར་བྱེད་པའི་གོ་སྐབས་ཐུན་མོང་མ་ཡིན་པ་ཞིག་སྤྲོད་ཀྱི་ཡོད་པ་དྲན་དགོས། དུས་སྟོན་དེའི་རིང་ཚོགས་འདུ་གཉིས་ཚོགས་ཀྱི་ཡོད་པ་ནི།
གླེང་སྟེགས་གཙོ་བོ། དེར་ལོ་རེའི་གྷར་མའི་བརྗོད་གཞི་དང་མཐུན་པའི་གནད་དོན་ཐོག་གདོད་རིགས་མི་དམངས་དང་གདོད་རིགས་མིན་པའི་དབུ་ཁྲིད་ཚོས་གྲོས་བསྡུར་བྱེད་པའི་སྲིད་བྱུས་ཀྱི་ཚོགས་འདུ་ཞིག་ཡིན།
གཞོན་སྐྱེས་ཀྱི་གླེང་སྟེགས། དེ་ནི་ལོ་བརྒྱད་ནས་བཅོ་བརྒྱད་བར་གྱི་ཕྲུ་གུ་ཚོར་དམིགས་པ་ཞིག་ཡིན་པ་དང་། རྒྱལ་ཁབ་ཡོངས་ནས་སློབ་གྲྭ་ཁག་འཛོམས་ནས་ཤེས་བྱ་བརྗེ་རེས་དང་བརྒྱུད་སྤྲོད་བྱེད་པའི་ལས་འགུལ་དང་ཟབ་སྦྱོང་འདྲ་མིན་ཞིག་གོ་སྒྲིག་བྱེད་ཀྱི་ཡོད། རིག་གཞུང་གི་ལས་འགུལ་དང་གྲོས་བསྡུར་འདི་དག་གིས་གྷར་མ་ནི་རིག་གཞུང་དང་། སློབ་སྦྱོང་། དབུ་ཁྲིད་བཅས་མཉམ་དུ་འཛོམས་པའི་འདུ་འཛོམས་ཐུན་མོང་མ་ཡིན་པ་ཞིག་ཏུ་བསྒྱུར་ཡོད།
ཨོ་སི་ཊེ་ལི་ཡར་གནས་སྤོ་བྱས་རྗེས་རིན་ཐང་ལྡན་པའི་གནས་ཚུལ་དང་ལམ་སྟོན་མང་ཙམ་ཤེས་རྟོགས་བྱེད་པའི་ཆེད་དུ། ཨོ་སི་ཊེ་ལི་ཡ་འགྲེལ་བརྗོད་ཀྱི་ཆེད་སྒྲིག་སྒྲ་བརྙན་ལེ་ཚན་ཁག་ལ་ཉན་པའམ་རྗེས་འབྲང་བྱེད་རོགས།
ཁྱེད་ལ་དྲི་བ་དང་བརྗོད་གཞི་གང་ཞིག་གི་སྐོར་ལ་བསམ་འཆར་ཡོད་ན་ང་ཚོར་ australiaexplained@sbs.com.auལ་གློག་འཕྲིན་གཏོང་རོགས།






